༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ཏེ་བཞུགས་ཁྲི་མཐོན་པོ་ཞིག་གི་སྟེང་དུ་བཞག་ཡོད་ཀྱང་ཡོངས་འཛིན་རྣམ་པའི་མདུན་དུ་གྲྭ་བ་གྲྭ་རྐྱང་བཞིན་དཔེ་ཆར་བལྟས་ཡོད་པ་རེད་ཅེས་གསུངས།

ཁ་སང་ཕྱི་ཚེས་ ༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་རྡོ་དབུ་འབྱེད་རབ་གནས་མཛད་ཡོད་ཅིང་། གླེ་གཤམ་གྱི་དགོན་པ་ཚོགས་པའི་ནང་པའི་ཆོས་ཀྱི་ལྟེ་གནས་སམ་དྷརྨ་སཱེན་ཊིར་(Dharma center)གཙུག་ལག་ཁང་དུ་མི་མང་ལ་བཀའ་སློབ་བསྩལ་སྐབས། མི་སྐྱ་ཚོར་མཚོན་ནའང་སོ་སོའི་འཚོ་ཐབས་གང་ཡོད་པ་དེའི་ཐོག་ནས་སེམས་ཁམས་རིག་པ་དང་ཚད་མའི་འགྲོ་སྟངས་ཐོག་ངེས་པར་དུ་སློབ་སྦྱོང་དང་དོ་སྣང་བྱེད་དགོས་ལ། དགེ་འདུན་པ་རྣམས་ཀྱིས་ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མིན་པར་སློབ་གཉེར་བྱས་ཏེ་གྲྭ་ཆས་གྱོན་གོ་ཆོད་པར་དཔེ་ཆར་ལྟ་རྒྱུ་གལ་ཆེན་པོ་ཡིན་སྐོར་བླང་དོར་བཀའ་སློབ་བསྩལ།
སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་ཀྱིས་འདིར་ཞུ་འདོད་པ་ཞིག་ནི་འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད། རྒྱ་གར་ལ་ཆ་བཞག་ནའང་ཆོས་ལུགས་མང་པོ་ཡོད། ཡིན་ནའང་འཛམ་གླིང་སྟེང་དུ་དོ་སྣང་ཆེ་ཤོས་དང་། ལྷག་པར་དུ་སེམས་ཁམས་རིག་པའི་ཐོག་དོ་སྣང་ཡོད་མཁན་གྱི་ཚན་རིག་པ་ཚོས་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག འདི་འདྲའི་དུས་ཚོད་ཅིག་ལ་བོད་གངས་ཅན་གྱིས་སངས་རྒྱས་ཆོས་ལ་དངོས་གནས་དྲང་གནས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་བཤད་རྒྱུན་གཏན་ལ་ཕབ་ཡོད། དེང་སང་འཛམ་གླིང་ཐོག་བོད་ཀྱི་ནང་ཆོས་དང་། ལྷག་དོན་ཚད་མ་རིག་པའི་སྐོར་ཚན་རིག་པ་མང་པོས་དོ་སྣང་བྱས་ཏེ་ངོས་ཀྱི་འགྲམ་ལ་གོ་བསྡུར་བྱེད་མཁན་མང་པོ་བྱུང་། ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་ཆོས་ནི་རྔ་རྡུང་རྦུབས་དཀྲོལ་བའི་འདོན་པ་གཅིག་པོ་མིན། བོད་དུ་ཚད་མ་རིག་པ་དང་། ཕར་ཕྱིན། དབུ་མའི་གཞུང་དེ་དག་སྦྱོང་བཞིན་ཡོད། ངོས་རང་ལ་ཆ་བཞག་ནའང་ཕ་ཡུལ་ནས་ཡར་ཡོང་ནས་རྩེ་ཕོ་བྲང་དུ་བསྡད་དེ། ལོ་ལྔ་དྲུག་ནས་བསྡུས་གྲྭ་དང་ཚད་མ་སོགས་ལ་སྦྱངས་པ་རེད། ང་ཚོ་བོད་ལ་སངས་རྒྱས་ཀྱི་ཆོས་ཡོད་བསྡད་པ་དེ་གཏིང་ཟབ་པོ་རེད། སློབ་གཉེར་བྱས་ཏེ་རིག་པའི་ལམ་ནས་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་རེད། སློབ་སྦྱོང་བྱས་ཏེ་གཏིང་ཟབ་པའི་ཐོག་ཤེས་ཚད་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ཅེས་གསུངས།
ཡང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྟག་བྲག་རིན་པོ་ཆེའི་མདུན་ནས་དབང་དང་རྗེས་གནས་མང་པོ་ཞུས་ཡོད། དཔེ་ཁྲིད་གཙོ་བོ་གནང་མཁན་གླིང་རིན་པོ་ཆེ་རེད། ཞོགས་པ་དང་དགོང་མོའི་ཆུ་ཚོད་གཅིག་རིང་དཔེ་ཆ་ཞིབ་ཚགས་པོ་ཁྲིད་ཀྱི་ཡོད། གླིང་རིན་པོ་ཆེ་མཆོག་གིས་དཔེ་ཆ་ཁྲིད་ཡོད་པ་དེས་ངོས་རང་གི་བློ་མིག་ཕྱེ་བ་ལྟ་བུ་རེད། ཕྱིས་སུ་ནུབ་ཕྱོགས་པའི་མཁས་དབང་དང་འབྲེལ་བ་བྱུང་སྟེ། སེམས་ཁམས་རིག་པའི་སྐོར་ཚན་རིག་པའི་བཤད་པ་དང་། ང་ཚོའི་གཞུང་གཉིས་མཉམ་དུ་སྦྱར་ཏེ་སེམས་ཁམས་རིག་པའི་ཐོག་ཡར་རྒྱས་གཏོང་བར་ཧ་ཅང་ཕན་ཐོགས་བྱུང་། དེ་རིང་འདིར་ཡོད་པའི་དགེ་འདུན་པ་དང་བཙུན་མ་ཚོས་གཞུང་ཆེན་ལ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ཚོགས་འཚོགས་པ་དང་བསྐང་གསོལ་འདོན་རྒྱུར་གོམས་གཤིས་ཡོད་ཀྱང་། གཙོ་བོ་དཔེ་ཆར་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མ་ཡིན་པར་སློབ་གཉེར་རྒྱག་རྒྱུ་གལ་ཆེན་པོ་རེད། མི་སྐྱ་ཚོར་མཚོན་ནའང་སོ་སོའི་འཚོ་ཐབས་གང་ཡོད་པ་དེའི་ཐོག་ནས་སེམས་ཁམས་རིག་པ་དང་ཚད་མའི་འགྲོ་སྟངས་ཐོག་ངེས་པར་དུ་སློབ་སྦྱོང་དང་དོ་སྣང་བྱེད་དགོས། དགེ་འདུན་པ་རྣམས་ཀྱིས་ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མིན་པར་སློབ་གཉེར་བྱས་ཏེ་གྲྭ་ཆས་གྱོན་གོ་ཆོད་པར་དཔེ་ཆར་ལྟ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།
༸མགོན་པོ་གང་ཉིད་ཆེ་མཆོག་ནས། ངོས་རང་ལ་ཆ་བཞག་ན་ཕ་ཡུལ་ནས་ཡར་ཆུང་དུས་ནས་འབྱོར་སྟེ། ༧རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ཏེ་བཞུགས་ཁྲི་མཐོན་པོ་ཞིག་གི་སྟེང་དུ་བཞག་ཡོད་ཀྱང་། ཡོངས་འཛིན་རྣམ་པའི་མདུན་དུ་གྲྭ་པ་གྲྭ་རྐྱང་བཞིན་དཔེ་ཆར་བལྟས་ཡོད། དཔེ་ཆར་ལྟ་བར་རྩོད་པ་རྩོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་གྱིས་མར་ཁྲིད་རྒྱུ་ཙམ་རེད་བསམ་པ་མ་ཡིན་པར། དགེ་འདུན་པ་རྣམས་ཀྱིས་དཔེ་ཆ་ཁྲིད་ཡོད་པ་དེའི་ཐོག་ལ་རྩོད་པ་བརྩད་ནས་བརྡར་ཤ་གཅོད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
མཛད་འཆར་ལྟར་ན། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ལ་དྭགས་གླེ་ཞི་བའི་ཚལ་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་ཀྱི་དད་ལྡན་མི་མང་གིས་གཙོས་ཆོས་ཞུ་བ་ཡོངས་ལ་ཆོས་འབྲེལ་དང་། ཕྱི་ཚེས་ ༡༧ ཉིན་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།