རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་དུ་འབྱོར་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ནང་དུ་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་མཚམས་འཇོག་དགོས་པ་དང་། ༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ལ་ཐེ་ཇུས་བྱེད་པའི་དབང་ཚད་སྤུ་ཙམ་ཡང་མེད་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་བྱས་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་ཡོད་པ་དང་བསྟུན། ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ཚོགས་མི་ཁག་ཅིག་ནས་ཝང་ཡེས་རྒྱ་གར་ནང་ཡོང་བར་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་ཏེ་ངོ་རྒོལ་བ་བདུན་འཛིན་བཟུང་བྱས་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། དེ་རིང་དགྲ་བོ་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་ནང་ཡོང་ཡོད་པ་རེད། ཝང་ཡེས་རྒྱ་གར་རང་དབང་ལུང་པའི་ས་ཐོག་ཏུ་ཡོང་བའི་སྐབས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འབོད་བརྡ་དང་བརྡ་ལན་གསལ་ཤོས་ཤིག་ནི། རྒྱ་ནག་གཞུང་གིས་བོད་ནང་དུ་གདུག་རྩུབ་ཆེ་བའི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དངོས་ཡོད་གནས་སྟངས་ཐོག་ཛ་དྲག་ཆགས་ཡོད་པ་འཕྲལ་དུ་མཚམས་འཇོག་བྱ་དགོས། གལ་འགངས་ཆེ་ཤོས་ཤིག་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་ལ། རྒྱ་ནག་གཞུང་ལ་༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ལ་ཐེ་ཇུས་བྱེད་པའི་དབང་ཚད་སྤུ་ཙམ་ཡང་མེད་པའི་བརྡ་ལན་གཙོ་བོ་སྤྲོད་ཀྱི་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྔར་རྒྱུན་གཞིར་བཟུང་དགྲ་བོ་རྒྱ་ནག་གི་མགོ་དཔོན་སུ་འདྲ་ཞིག་རང་དབང་ལུང་པ་གང་དུ་ཡོང་གི་ཡོད་ཚེ། བོད་དང་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། བརྡ་ལན་སྤྲོད་རྒྱུའི་ལས་འགན་ཡོད་དུས། དེ་རིང་དང་སང་ཉིན་གཉིས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཁང་དང་ལྡི་ལི་ས་གནས་གཞོན་ནུ་གཉིས་ཀྱི་ཟུང་འབྲེལ་ཐོག་ཆབ་སྲིད་ལས་འགུལ་ཁག་ཅིག་སྤེལ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། ད་ལན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་དུ་ཡོང་སྟེ་རྒྱ་གར་གྱི་སྲིད་བློན་མོ་དྷི་གཙོས་གནད་ཡོད་མི་སྣ་ཁག་དང་ལྷན་དུ་ཚོགས་འདུ་འཚོག་རྒྱུ་ཡིན་པའི་ཁྲོད། གནད་དོན་ཆེ་ཤོས་ཤིག་ནི་འཕགས་བོད་ས་མཚམས་དང་འབྲེལ་བ་རེད། ང་ཚོའི་ངོས་ནས་རྒྱ་གར་གཞུང་ལ་རེ་བ་ཞུ་རྒྱུ་ཞིག་ནི་ཇི་སྲིད་བོད་རང་བཙན་གྱི་གནས་བབ་བསྐྱར་གསོ་མ་ཐུབ་བར་དུ། ལ་དྭགས་ནས་ཨ་རུ་ན་ཅལ་བར་སྤྱི་ལེ་ ༣༠༠༠ ལྷག་ཡོད་པའི་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་གཏན་དུ་ཞི་བདེ་ལྷིང་འཇགས་ཡོང་གི་མེད་པ་གསལ་བོ་རེད། རྒྱ་གར་གཞུང་གིས་བོད་རང་བཙན་བསྐྱར་གསོའི་ཐོག་གླེེང་སློང་དང་དོ་སྣང་བྱེད་དགོས། དགྲ་བོ་རྒྱ་གཞུང་ས་མཚམས་ཐོག་བསླེབས་ཡོང་གི་ཡོད་དུས། བོད་པའི་གནད་དོན་མ་བརླག་པའི་ཐོག་གླེང་སློང་བྱེད་དགོས་པ་ང་ཚོས་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་མི་འགྱངས་བར་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་དང་། རྒྱ་ནག་ནང་ཚོགས་འདུ་འཚོགས་པའི་སྐབས་སུ་བོད་ཀྱི་གནད་དོན་ཐོག་སྣང་མེད་དུ་མ་བཏང་པར་གླེང་སློང་བྱ་རྒྱུ་རྒྱ་གར་གཞུང་ལ་རེ་བ་ཞུས་ཡོད། རྒྱ་གར་གཙོས་རང་དབང་ལྡན་པའི་རྒྱལ་ཁབ་ཡོངས་ལ་དགྲ་བོ་རྒྱ་གཞུང་ནི་ཡིད་ཆེས་དང་བློ་ཁེལ་བྱེད་སའི་རྒྱལ་ཁབ་ཞིག་གཏན་ནས་མིན་པ་རེད། དེ་ནི་བོད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་རྒྱ་གཞུང་གིས་ཆིངས་ཡིག་རྩིས་མེད་རྡོག་རོལ་བཏང་ཡོད་པས། འཛམ་གླིང་ཐོག་ཡིད་ཆེས་གཏན་ནས་བྱེད་ས་མེད་པ་དེ་རྒྱ་ནག་གཞུང་ཡིན་པ་བརྡ་ལན་གསལ་བོ་བྱེད་འདོད་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཝང་ཡེས་ཀྱི་ཉིན་གཉིས་རིང་གི་ཕྱོགས་སྐྱོད་ནང་དེ་རིང་ཕྱི་སྲིད་བློན་ཆེན་རྗེ་ཤང་ཀར་(S Jaishankar) མཆོག་དང་། བདེ་སྲུང་ལྷན་ཁང་གི་སློབ་སྟོན་པ་ཨ་ཇི་ཏི་ཌོ་ཝལ་(Ajit Doval) མཆོག་ལ་མཇལ་འཕྲད་གནང་གི་ཡོད་པ་དང་། སང་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཕྱོགས་སྐྱོད་ཁྲོད་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་དཀའ་རྙོག་དང་། ཚོང་དོན། མཁའ་དབྱིངས་འགྲུལ་བསྐྱོད་བཅས་ཀྱི་ཐོག་གླེང་སློང་བྱ་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༤ ཙམ་ནས་ལ་དྭགས་ཁུལ་དུ་ས་མཚམས་རྩོད་རྙོག་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ད་བར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཁུལ་དུ་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་ ༡༧ ལྷག་བྱས་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་དཀའ་ངལ་མུ་མཐུད་གནས་ཡོད་ཅིང་། ཕྱི་ལོ་༢༠༢༢ ལོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་ནང་གཞུང་འབྲེལ་བསྐོར་སྐྱོད་དུ་ཐེངས་དང་པོ་ཡོང་ཡོད། འདས་ལོའི་ཕྱི་ཟླ་ ༩ པར་ཨུ་རུ་སུའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤང་ཀར་མཆོག་ཐེངས་དང་པོར་རྒྱ་ནག་ནང་ཕྱོགས་སྐྱོད་གནང་ཡོད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།