ཕྱི་ལོ་ ༢༠༢༥ ལོའི་དགེ་བཤེས་མའི་ཡིག་རྒྱུགས་ཁྲོད་རྒྱ་བལ་གཉིས་ཀྱི་བཙུན་དགོན་མང་ཤོས་དང་བཙུན་མ་མང་ཤོས་ཀྱིས་མཉམ་ཞུགས་བྱས་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་སུ་འདི་ལོའི་དགེ་བཤེས་མའི་ཡིག་རྒྱུགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་མོས། དགེ་བཤེས་མའི་རྒྱུགས་སྤྲོད་དེ་ཧ་ཅང་གལ་ཆེན་པོ་ཡིན། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་ལོ་གཉིས་རིང་དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་ལས་རིམ་གཉེར་ཐུབ་མེད། དེ་མིན་ལོ་རྟག་པར་བཙུན་དགོན་ཁག་རེས་མོས་བྱས་ཏེ་དགེ་བཤེས་མའི་རྒྱུགས་སྤྲོད་མུ་མཐུད་འགྲོ་བཞིན་ཡོད་ལ། འདི་ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ནང་བཙུན་དགོན་ཁག་བརྒྱད་ནས་བཙུན་མ་ཁྱོན་ ༡༦༡ གིས་མཉམ་ཞུགས་བྱས་སྟབས། ད་སྔ་བར་དགེ་བཤེས་མའི་ཡིག་རྒྱུགས་ནང་ཞུགས་མཁན་གྱི་དགོན་པ་དང་བཙུན་མ་མང་ཤོས་དེ་ཆགས་ཡོད་ཅེས་གསུངས་བྱུང་།
སྣང་ས་ཆོས་སྒྲོན་ལགས་ཀྱིས་གསུངས་པ་ལྟར་ན། འདི་ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྒྲོལ་མ་གླིང་གི་བཙོན་མ་ཁྱོན་ ༤༢ དང་དགའ་ལྡན་ཆོས་གླིང་གི་བཙུན་མ་གྲངས་ ༧། འཇམ་དབྱངས་ཆོས་གླིང་གི་བཙུན་མ་ ༡༧ ། བྱང་ཆུབ་ཆོས་གླིང་གི་བཙུན་མ་གྲངས་ ༢༥ ། བྱང་སེམས་གླིང་གི་བཙུན་མ་ ༧ ། བལ་ཡུལ་ཀོ་པན་བཙུན་དགོན་གྱི་བཙུན་མ་གྲངས་ ༤༨ ། ཐེག་ཆེན་ཆོས་གླིང་གི་བཙུན་མ་ ༡༣ ། བྱམས་པ་ཆོས་གླིང་གི་བཙུན་མ་ ༢ བཅས་ཁྱོན་བཙུན་མ་ ༡༦༡ གིས་མཉམ་ཞུགས་བྱས་ཡོད་འདུག་ལ། ད་ལྟའི་ཆར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལ་ཞིབ་དག་བྱེད་མུས་ཡིན་སྟབས། འདི་ལོར་དགེ་བཤེས་མ་དང་སྔགས་རམས་དགེ་བཤེས་མ་ག་ཚོད་ཅིག་ཐོན་ཡོད་མེད་ཀྱི་གནས་སྟངས་དེ་འདི་ལོའི་ཕྱི་ཟླ་ ༡༡ བར་དུ་གསལ་ཁ་མེད་པ་རེད།
ཕྱི་ལོ་ ༡༩༩༥ ལོ་ནས་༧གོང་ས་མཆོག་གིས་དགེ་བཤེས་མའི་ཡིག་རྒྱུགས་གཏོང་གལ་ཆེ་བའི་བཀའ་སློབ་ཕེབས་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཙུན་དགོན་དྲུག་དང་། དྷ་ས་རིགས་ལམ་སློབ་གཉེར་ཁང་། བོད་ཀྱི་བཙུན་མའི་ལས་འཆར་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་༼ བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་༽ གཏན་འབེབས་གནང་བ་གཞིར་བཟུང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ནས་ ༨ བར་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་བསྡུ་བསྐོང་གིས་རྒྱུགས་སྤྲོད་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་གནང་། དེ་ནས་བཟུང་ལོ་འཆར་ཅན་དུ་སེར་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་ཁག་ཅིག་གིས་རྒྱུགས་སྤྲོད་ཀྱི་མཐུན་འགྱུར་དང་འབྲེལ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ནས་ཟླ་ ༦ ཚེས་ ༣ བར་དྷ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་སྐབས་དང་པོའི་རྒྱུགས་སྤྲོད་དབུ་ཚུགས་པ་ནས་ཕྱི་ལོ་ ༢༠༢༤ བར་དགེ་བཤེས་མ་ཁྱོན་ ༦༠ ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ལོར་༧དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆེས་ཐོག་མར་སྔགས་རམས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཏེ་སྔགས་རམས་དགེ་བཤེས་མ་ཁྱོན་ ༤༨ བཅས་བྱུང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།