རྒྱ་ནག་གཞུང་གིས་རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་ལམ་སྔར་ལས་དམ་ཟབ་ཏུ་གཏོང་ཆེད་ལོ་གཅིག་རིང་ཨུ་རུ་སུའི་མི་སེར་ལ་རིན་མེད་ཐོངས་མཆན་སྤྲོད་ཀྱི་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༥ ནས་༢༠༢༦ ལོའི་ཟླ་ ༩ ཚེས་ ༡༤ བར་རྒྱ་ནག་གཞུང་གིས་ཨུ་རུ་སུའི་སྤྱིར་བཏང་ཕྱི་སྐྱོད་ལག་ཁྱེར་ཡོད་མཁན་ཚོར་ཐོངས་མཆན་མི་དགོས་པར་ཉིན་ ༣༠ རིང་ཡུལ་སྐོར་དུ་འགྲོ་ཆོག་པའི་སྲིད་ཇུས་ཤིག་ལག་བསྟར་མགོ་བཙུགས་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་བོད་ཀྱི་འགྲམ་འགག་སྒོ་ནས་ཨུ་རུ་སུའི་ཡུལ་སྐོར་བ་ ༡༦ བོད་ནང་དུ་ཐེངས་དང་པོ་འཛུལ་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཡུལ་སྐོར་བ་དེ་དག་ལ་ཕེབས་བསུ་མཛད་སྒོ་ཡང་འཚོགས་ཡོད་འདུག
དེའི་ཐད་ཕྱི་ཟླ་༩ ཚེས་ ༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གོ་ཅ་ཁིན་(郭嘉昆) ཀྱིས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་ལམ་སྟོན་འོག རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཚད་མཐོན་པོའི་ཐོག་རྒྱུན་འཁྱོངས་བྱས་ཡོད། རྒྱ་ནག་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་མི་སྣའི་འགྲོ་འོང་སྟབས་བདེ་བཟོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་མང་གི་འབྲེལ་ལམ་སྔར་ལས་དམ་ཟབ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། དུས་རབས་གསར་པའི་རྒྱ་ནག་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་ཅེས་དང་། ཨུ་རུ་སུའི་གྲོགས་པོ་མང་པོ་རྒྱ་ནག་ནང་ཡོང་བར་དགའ་བསུ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༠ རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་མགྲོན་འབོད་བྱས་པ་ལྟར། ཨུ་རུ་སུ་རྒྱལ་ས་མོ་སི་ཀོ་རུ་ཕྱིན་ཡོད་པ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་ཊོ་ནལ་ཊོམ་གྱིས་ཨུ་རུ་སུ་དང་ཡུག་ཁི་རན་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་བྱེད་བར་འདུམ་སྒྲིག་བྱེད་ཐབས་ཀྱི་དུས་ཚོད་གནད་འགག་ཞིག་ཏུ་ཁེལ་ཡོད་པ་རེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་རྒྱ་ནག་གི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་ལོ་ ༨༠ འཁོར་བའི་དུས་སྟོན་ཟེར་བར་མཉམ་ཞུགས་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་གྱི་ལྷན་ཚོགས་ཐོག་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ལེན་མཁན་རྒྱལ་ཁབ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་རྒྱུན་འཁྱོངས་བརྟན་པོའི་ཐོག རྒྱལ་སྤྱིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཅེས་བརྗོད་འདུག ཕུ་ཊིན་གྱིས་རྒྱལ་ཁབ་གཉིས་ལ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པ་དེ་ལོ་རྒྱུས་ཀྱི་བདེན་པ་དང་དྲང་བདེན་ལ་ཐུན་མོང་ཐོག་འགོག་སྲུང་བྱེད་པའི་དཔང་རྟགས་ཡིན། འདས་བའི་དུས་སུ་ང་ཚོའི་མཉམ་གཅིག་ཏུ་ལངས་པ་རེད་ལ་། ད་ལྟའང་མཉམ་གཅིག་ཏུ་ལངས་ཡོད། ཅེས་བརྗོད་འདུག

རྒྱ་ནག་ཝུའུ་ཧན་ནས་ཏོག་དབྱིབས་རིམས་ནད་འཛམ་གླིང་གི་ཡུལ་ལུང་གང་སར་མཆེད་རྗེས། རྒྱལ་ཁབ་སོ་སོས་སྒོ་རྒྱ་བསྡམས་ཏེ་དཔལ་འབྱོར་ཐོག་གྱོང་གུད་ཚབས་ཆེན་ཐེབས་ཡོད་པར་བརྟེན།རྒྱ་ནག་དང་ཕྱིའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཡར་སྐྱེད་བརྗེ་ལེན་ཟེར་བའི་སྲིད་ཇུས་འོག ཕྱི་ལོ་ ༢༠༢༣ལོ་མཇུག་ཙམ་ནས་ཐོག་མར་ཧྥ་རན་སི་དང་། འཇར་མི་ནི། ཨི་ཊི་ལི། ནེ་ཐ་ལེན་ཌི། སི་པེན། མེ་ལེ་ཤི་ཡ་སོགས་རྒྱལ་ཁབ་དྲུག་གི་མི་སེར་རྣམས་ཐོངས་མཆན་རིན་མེད་དུ་སྤྲད་ནས་རྒྱ་ནག་ཏུ་ཡོང་ཆོག་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ཟླ་༥ ནས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ རྒྱ་ནག་གིས་ཨེ་ཤ་ཡ་དང་། ཡུ་རོབ་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཉིན་གྲངས ༡༥ རིང་བསྐྱོད་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ནས་བཟུང་ཡུ་རོབ་ཀྱི་རྒྱལ་ཁབ་ ༤༤ དང་། ཨ་མེ་རི་ཁའི་གླིང་ཆེན་གྱི་རྒྱལ་ཁབ་ ༥། ཨེ་ཤ་ཡའི་རྒྱལ་ཁབ་ ༧ ། ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ ༢ བཅས་ཁྱོན་རྒྱལ་ཁབ་ ༥༥ ལ་རྒྱ་ནག་ནང་ཉིན་བཅུའི་རིང་མཐོང་ཆེན་ཡིག་ཆ་མེད་པར་འགྲོ་ཆོག་ལུགས་བསྒྲགས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།