རྒྱ་རིགས་གྲྭ་བཙུན་ ༡༨༠ ལྷག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ་བོད་སྐད་ཐོག་དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་ཀྱི་མཆོད་པ་འབུལ་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲང་ངེས་ལེགས་བཤད་སྙིང་པོ་ནི་ལེགས་བཤད་ཕུལ་དུ་བྱུང་བ་ཞིག་ཡིན་སྐོར་གསུངས་འདུག
དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་ཕུལ་ཏེ་སྐུའི་གོ་སྟོན་སྲུང་གཙི་གནང་བ། དགའ་ལྡན་ཕོ་བྲང་གི་སྐུ་པར།
དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ། ཐའེ་ཝན་གྱི་ཐུབ་སྟན་ཆོས་གླིང་དགོན་དང་། ཟླ་གྲགས་འོད་ཟེར་གླིང་དགོན། ནན་ཧའེ་བཙུན་དགོན་བཅས་ཀྱི་རྒྱ་རིགས་གྲྭ་བཙུན་ ༡༨༠ ལྷག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་སྦྲགས། བོད་སྐད་ཐོག་དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་ཀྱི་མཆོད་པ་ཕུལ་འདུག སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཡིག་ནང་སློབ་སྦྱོང་བྱ་རྒྱུ་ཡོད་པའི་ནང་ཆོས་རྣམས། རྒྱ་ཡིག་ནང་ཏོག་ཙམ་ཁྱབ་སྤེལ་གནང་ཐུབ་ན་དགོངས་ཀྱི་ཡོད་སྐོར་སོགས་གསུངས་འདུག
སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སངས་རྒྱས་ཀྱི་ཆོས་འདི་ང་ཚོ་བོད་ལ་ཡོད་པ་ནང་བཞིན་གྱི་གཏིང་ཟབ་པོ་ཞིག་ཧ་ལམ་མེད་པ་འདྲ་བོ་ཞིག་རེད། བོད་ལ་ཡོད་པའི་དཔེ་ཆ་དེ་དག་གི་ནང་ནས་དྲང་ངེས་ལེགས་བཤད་སྙིང་པོ་འདི་ལེགས་བཤད་ཕུལ་དུ་བྱུང་བ་ཞིག་རེད་འདུག དཔེར་ན། ངོས་རང་ལ་ཆ་བཞག་ནའང་དྲང་ངེས་ལེགས་བཤད་སྙིང་པོ་ཆ་ཚང་བློ་ལ་བཟུང་ཡོད་རེད། ད་ཆ་བློ་ལ་བཟུང་བཞག་པ་དེ་འགྲོ་ལ་མ་འགྲོ་བྱེད་ཀྱི་འདུག ཁྱེད་རང་ཚོས་དྲང་ངེས་ལེགས་བཤད་སྙིང་པོ་བློ་ལ་བཟུང་ནས་མར་སྐྱོར་ཡོང་བ་དང་ངོས་རང་གི་ཨ་མཆོག་ནང་དུའང་དྲང་ངེས་ལེགས་བཤད་སྙིང་པོའི་དོན་དག་གསལ་པོ་ཞིག་ཐོས་ཡོང་དུས། ངོས་རང་གི་སེམས་སུ་དགའ་ཚོར་དམིགས་བསལ་ཞིག་སྐྱེས་ཡོང་གི་འདུག ཡག་པོ་ཞེ་དྲགས་བྱུང་། ཁྱེད་རང་ཚོས་དྲང་ངེས་ལེགས་བཤད་སྙིང་པོ་བློ་ལ་ཡོད་པའི་ཐོག་ནས། དེ་རིང་ངག་ནས་མར་བསྐྱོར་བ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། བཀའ་དྲིན་ཆེ། ཞེས་གསུངས་འདུག
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་ལ་ཆ་བཞག་ན་ཆུང་དུས་ནས་དྲང་ངེས་ལེགས་བཤད་སྙིང་པོ་བློ་འཛིན་རོབ་ཙམ་རོབ་ཙམ་བྱས་ཡོད་རེད། དུས་ཀྱི་ཁྱད་པར་ཞིག་བཤད་པ་ཡིན་ན། བོད་ནང་ཉམས་ཆག་ཞེ་དྲགས་ཕྱིན་ཚར་བ་རེད། ངོས་རང་འདིར་བཙན་བྱོལ་བོད་མིའི་གྲས་ལ་སླེབས་ནས། ངོས་རང་གིས་དཔེ་ཆ་དེ་དག་ག་ཚོད་ཐུབ་ཐུབ་ཀྱིས་ལྟ་ཡི་ཡོད། དེ་ལ་མཐུན་རྐྱེན་སྦྱར། དགེ་རྒན་བསྟེན་ནས་གཟིགས་མཁན་གྱི་ཆོས་གྲོགས་ཚོ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། འཛམ་བུ་གླིང་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་སྤུས་དག་ཤོས་དེ་ང་ཚོ་བོད་ལ་ཡོད་པ་དེ་རེད་ཤག དེ་རིང་ཁ་སང་རིམ་པའི་རྒྱ་ནག་ནང་དུའང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འདུག བྱས་ཙང་ང་ཚོས་ག་ལེར་བོད་ལ་སློབ་སྦྱོང་བྱ་རྒྱུ་ཡོད་པའི་ནང་ཆོས་དེ་རྒྱ་ཡིག་ནང་ལ་ཏོག་ཙམ་ཁྱབ་སྤེལ་བྱ་ཐུབ་ན་བསམས། ང་ཚོ་བོད་པ་ཚོས་རྒྱ་མིའི་ཁ་ལག་ཞིམ་པོ་དེ་བཟས། དེ་ནས་ང་ཚོས་དུས་ཡུན་མང་པོར་བློ་འཛིན་བྱས་པའི་འགྲེལ་བ་དང་། ཡང་འགྲེལ་དེ་དག་གྲོགས་པོ་ཚོ་ལ་ཁྱབ་སྤེལ་བྱ་རྒྱུའི་དུས་ཚོད་ཅིག་ལ་ཕལ་ཆེར་སླེབས་འདུག ད་རྒྱ་ནག་ལ་འགྱུར་བ་ཞེ་དྲགས་འགྲོ་ཡི་འདུག དེ་བཞིན་ནང་ཆོས་ལའང་དོ་སྣང་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་འདུག དེ་རིང་འདིར་རྒྱ་རིགས་ཚོ་འཛོམས་ནས་དྲང་ངེས་ལེགས་བཤད་སྙིང་པོ་བློ་ནས་མར་འདོན་ཡ་ཡོད་པ་ཞིག་རེད། ངོས་རང་ཞེ་དྲགས་དགའ་པོ་བྱུང་། ད་རིམ་པའི་རྒྱ་ནག་ནང་དྲང་ངེས་ལེགས་བཤད་སྙིང་པོ་འཆད་ཉན་བྱ་རྒྱུའི་གོ་སྐབས་ཤིག་གཏན་གཏན་ཡོང་ཡ་ཞིག་རེད། ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་འདུག
མཇལ་ཁ་གྲུབ་རྗེས་ཚོགས་གཉིས་ཆོས་ཚོགས་ཀྱི་ཚོགས་གཞོན་ཧང་ཚང་ཝ་ཡེ་(HUANG, TSANG WEI) ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་འདིར་གྲྭ་བཙུན་ ༡༨༦ ཡོད་ལ། ང་ཚོ་དེ་རིང་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙི་བྱེད་དུ་ཡོང་བ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་ཉིད་དགུང་ལོ་ ༡༡༣ བར་བཞུགས་རྒྱུ་དང་། འདི་ལོར་དགུང་ལོ་ ༡༣༠ བར་བཞུགས་རྒྱུ་ཡིན་ཞེས་གསུངས་ཡོད་པས། ང་ཚོས་གནས་ཚུལ་དེ་གོ་ཐོས་བྱུང་བས་དགའ་སྤྲོ་ཤིན་ཏུ་ཆེ་ལ། ང་ཚོས་ཁོང་ཉིད་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་སྨོན་ལམ་གདབ་དགོས་ངེས་རེད། ང་ཚོས་ཟླ་ངོས་གསུམ་ལྷག་ལ་དྲང་ངེས་ལེགས་བཤད་སྙིང་པོ་བློ་སྦྱོང་བགྱིས་ནས་བློ་རྒྱུགས་ཕུལ་བ་ཡིན་པས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གྱེས་ཚོར་ཆེན་པོས། ཁོང་ཉིད་ཆུང་དུས་དྲང་ངེས་ལེགས་བཤད་སྙིང་པོ་བློ་སྦྱོང་གནང་ཡོད་སྐོར་སོགས་གསུངས་སོང་ལ། ང་ཚོས་དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་ཕུལ་བར་ཐུགས་གྱེས་ཚོར་ཆེན་པོ་བྱུང་འདུག དེ་རིང་འདིར་འདུས་པའི་གྲྭ་བཙུན་སོགས་གྲངས་ ༡༨༦ གིས་ཁོང་ཉིད་དགུང་ལོ་ ༡༨༦ གམ་དེ་ལས་ཡན་བཞུགས་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡོད། ཅེས་གསུངས་བྱུང་།
དགའ་ལྡན་ཕོ་བྲང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༢༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་ཚོགས་པ་གཉིས་ཀྱིས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།