རྩོམ་པ་པོ། མེ་ལོང་གདོང་། (ཨ་རི།)
རྩོམ་ཁུངས། བོད་ཀྱི་དུས་བབ།
ད་ལོ་སྟེ་སྤྱི་ལོ་༢༠༢༥་པའི་ཟླ་༨་པའི་ཚེས་༢༩་ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཟིན་བྲིས་(གཤམ་ནས་ཁྲིམས་འཆར་ཞེས་བསྡུས་ཏེ་འབོད་རྒྱུ།)ཞེས་པ་ལ་ཞིབ་འཇུག་བརྒྱུད་མོས་མཐུན་བྱུང་ངོར། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ལྷན་ཁང་གིས་ཟླ་༩་བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་ལ་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལུགས་སུ་གཏན་ལ་ཕབ་དགོས་པའི་གྲོས་འཆར་བཏོན་ཡོད་ལ། དེའི་རྒྱབ་ལྗོངས་སུ་རྒྱ་ནག་གཞུང་གིས་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་མི་རིགས་གྲངས་ཉུང་གི་ཐོག་ཏུ་སྔར་ལས་ལྷག་པའི་དམ་དྲག་དང་གཉའ་གནོན་གྱི་སྲིད་ཇུས་སྤེལ་ཞིང་། ༢༠༡༨་ལོར་རྩ་ཁྲིམས་འཕོ་འགྱུར་གཏོང་སྐབས། དེའི་ཁོངས་སུ་ཀྲུང་ཧྭ་མི་རིགས་ཞེས་པའི་བརྡ་ཆད་གསར་དུ་བཅུག་སྟེ་བཙན་འོག་ཏུ་གནས་པའི་བོད་དང་སོག་པོ། ཡུ་གུར་གཙོས་མི་རིགས་གྲངས་ཉུང་དག་རྒྱ་བསྒྱུར་གྱི་སྦྱོར་བ་ཞི་དྲག་སྣ་ཚོགས་བརྩམས་པའི་གནས་ཚུལ་ཡོད།
ཀྲུང་ཧྭ་མི་རིགས་ཞེས་པའི་བརྡ་ཆད་དེ་མན་ཇུའི་ཆིན་རྒྱལ་རབས་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་ལྱང་ཆི་ཁྲོད་ཀྱིས་གསར་གཏོད་བྱས་ཤིང་། རྗེས་སུ་སུང་ཀྲོང་སན་སོགས་ཀྱིས་ཐ་སྙད་དེ་མི་རིགས་ལྔ་པོ་སྤྱི་མཐུན་ཞེས་པའི་ཆབ་སྲིད་ལྟ་གྲུབ་ལ་སྦྱར་ཏེ་ལག་ལེན་དུ་བཏབ། དེ་ནས་ཅེན་བྷོ་ཙན་དང་ཧྥེ་ཞོའོ་ཐུང་སོགས་ཀྱིས་ཀྲུང་ཧྭ་མི་རིགས་ཞེས་པ་ནི་མི་རིགས་སྣ་ཚོགས་གཅིག་འདུས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཐམས་ཅད་འདྲ་མཉམ། རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་མི་རིགས་ས་གནས་རང་སྐྱོང་དང་རང་ཐག་རང་གཅོད་ཁས་ལེན་ཐུབ་བྱེད་ཀྱི་ལྟ་གྲུབ་བཏོན་ཞིང་། ཀའོ་ཞེད་ཀང་སོགས་ཀྱིས་ཀྲུང་ཧྭ་མི་རིགས་ནི་གཅིག་ཡིན་པ་དང་རྒྱ་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྔོན་ཐོན་མི་རིགས་དང་། སོག་པོ་དང་མན་ཇི་དང་བོད་རིགས་སོགས་ནི་རྗེས་ལུས་ཀྱི་མི་རིགས་ཡིན་པས་དེ་དག་རྒྱ་རིགས་སུ་བསྒྱུར་དགོས་པའི་ལྟ་གྲུབ་ཁ་ཤས་ཀྱང་བཏོན་མྱོང་། སྤྱི་ལོ་༡༩༤༣་ལ་རྒྱ་ནག་གི་སྲིད་འཛིན་ཅང་ཅད་ཧྲེ་ཡིས་རྒྱ་ནག་གི་ལས་དབང་ཞེས་པའི་དེབ་ཅིག་བཀྲམས་ནས་རྒྱ་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་ཡིན་ཞིང་། བོད་དང་སོག་པོ་སོགས་ནི་རྩ་བ་དེའི་ཡན་ལག་གམ་ཡལ་ག་ཡིན་པས་ན་མི་རིགས་མིན་ཞེས་བརྗོད་དེ་རྒྱ་ནག་ནང་མི་རིགས་གྲངས་ཉུང་མེད་པའི་ལྟ་ཚུལ་སྤེལ།
རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་མ་བཟུང་བའི་སྔོན་ལ་རྒྱ་རིགས་ལས་གཞན་པའི་མི་རིགས་ཆེ་ཁག་དྲུག་བདུན་ལ་རང་བཙན་དང་རང་སྐྱོང་གི་དབང་ཐང་ཡོད་པ་ངོས་ལེན་གྱིས་མི་རིགས་དེ་དག་གིས་རང་རང་གི་རྒྱལ་ཁབ་འཛུགས་པ་ལ་རྒྱབ་སྐྱོར་བྱས་མྱོང་ཞིང་མངའ་སྡེ་མཉམ་འབྲེལ་ལམ་ལུགས་(Bundestaat)ནི་སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པས་བཟུང་བའི་མི་རིགས་གནད་དོན་སེལ་ཐབས་ཀྱི་སྲིད་ཇུས་ཡིན། རྒྱ་ནག་དམར་ཤོག་ཚོགས་པས་༡༩༣༡་ལོའི་ཟླ་༡༡་ནང་ཡོངས་ཁྱབ་ཏུ་བསྒྲགས་པའི་ཀྲུང་ཧྭ་སོའོ་བེ་འད་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩ་གནད་ནང་དུ་བོད་དང་སོག་པོ་དང་ཁ་ཆེ་ལ་སོགས་པའི་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད་རྒྱ་ནག་རྒྱལ་ཁབ་དང་ཁ་བྲལ་ཏེ་ལོགས་སུ་སོ་སོའི་རྒྱལ་ཁབ་འཛུགས་པའི་ཐོབ་ཐང་ཡང་ཡོད་པ་ངོས་ལེན་བྱས་ཐོག ཕྱི་སོག་གི་རང་བཙན་ལ་ངོས་ལེན་གྱི་ཁྱབ་བསྒྲགས་སྤེལ་ཏེ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། སྤྱི་ལོ་༡༩༣༥་ལ་རྒྱལ་རོང་ས་ཁུལ་གྱི་བོད་མི་ལ་རོགས་སྐྱོར་གྱིས་གེ་རེ་སྡེ་ས་སྟེ་ང་ཚོ་བོད་པའི་སྤྱི་མཐུན་རྒྱལ་ཁབ་དང་། དེའི་ཕྱི་ལོར་རྔ་བ་ས་ཁུལ་གྱི་བོད་པར་རོགས་རམ་བྱས་ཏེ་བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་མྱོང་། འོན་ཀྱང་དམར་ཤོག་གུང་ཁྲན་ཏང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་ཡོངས་སུ་བཟུང་རྗེས་མི་རིགས་ཆབ་སྲིད་ཀྱི་ལངས་ཕྱོགས་ལའང་འགྱུར་བ་ཐེབས་ཏེ་མི་རིགས་གྲངས་ཉུང་གི་རང་ཐག་རང་གཅོད་ལ་བར་ཆད་བྱེད་པའི་རང་སྐྱོང་གི་སྲིད་ཇུས་རིམ་གྱིས་སྤེལ། ཐོག་མར་རྒྱ་ནག་ཏུ་མི་རིགས་༥༥་ལྷག་ངོས་བཟུང་བྱས་ནས་གྲོས་ཚོགས་དང་སྲིད་གཞུང་སོགས་སུ་བོད་དང་སོག་པོ། ཡུ་གུར་ལ་སོགས་པའི་མི་རིགས་གྲངས་ཉུང་ཆེ་ཁག་གི་ངོ་ཚབ་འཕྲི་འཐེན་གྱིས་མི་རིགས་དེ་དག་གི་ཆབ་སྲིད་འགོ་ཁྲིད་ཀྱི་དབང་ཐང་དང་ནུས་ཤུགས་ལྷག་ཏུ་ཇེ་ཞན་ལ་བཏང་། དེའི་རྗེས་སུ་རིག་གནས་གསར་བརྗེ་ཆེན་མོའི་དྲག་སྤྱོད་བསླངས་ཏེ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་རིག་གནས་ལ་རྡོག་རོལ་དང་རྩིས་མེད་ཀྱི་བྱེད་ཐབས་སྤྱད་ནས་མི་རིགས་རང་སྐྱོང་གི་ལམ་ལུགས་མིང་གི་ལྷག་མར་བཟོས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་མི་རིགས་རང་སྐྱོང་གི་ལམ་ལུགས་སླར་གསོ་ཙམ་བྱུང་ན་ཡང་། དུས་ཕྱིས་སུ་མཱ་རོང་སོགས་ཀྱིས་མི་རིགས་རང་སྐྱོང་ལམ་ལུགས་ཐོན་རིམ་གཉིས་པ་དང་། རྒྱ་གཞུང་གི་མི་རིགས་ལས་དོན་ལྷན་ཁང་གི་འགན་འཛིན་ཟུར་བ་ཕཱན་ཡའོ་སོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་སོགས་པའི་ལྟ་བ་སོགས་སྤེལ་བའི་མོད་ལ། རྒྱ་གཞུང་གིས་ཀྱང་ལྟ་ངན་དེ་དག་དང་མཐུན་པའི་སྲིད་ཇུས་ལག་ལེན་བྱས་མཐར་མི་རིགས་རང་སྐྱོང་ལམ་ལུགས་ལ་མུ་གེའི་སྟེང་དུ་ཟླ་ལྷག་ལྟ་བུའི་གནོད་འཚེ་ཐེབས་ཡོད་ཅིང་། མི་རིགས་རང་སྐྱོང་དང་་གི་ངོ་བོའམ་རིག་གནས་འབུར་དུ་དོད་དེ་བརྗོད་ན་མི་ཆོག་པའི་ཀྲུང་ཧྭ་མི་རིགས་གཅིག་ཡིན་ཞེས་པའི་མི་རིགས་ཐལ་དྲགས་རིང་ལུགས་ཀྱི་ཁ་ཕྱོགས་སུ་བསྐྱོད།
དེ་ནས་ཉེ་བའི་ལོ་བཅུའི་རིང་རྒྱ་ནག་དབུས་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་ཏུ་གཏོང་བ་(铸牢中华民族共同体意识)ཞེས་པའི་བསམ་གཞི་ཞིག་བསྒྲགས་ཤིང་མཐོ་ས་ནས་དམའ་སར་རིམ་གྱིས་བཙན་ཤུགས་ཆེན་པོས་སྤེལ། དེའི་མངའ་ཁོངས་སུ་མི་རིགས་གཞན་གྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཕལ་ཆེ་བ་རྒྱ་རིགས་དང་གཅིག་འདྲར་སྒྱུར་དང་བསྒྱུར་བཞིན་པ། དཔེར་ན། བོད་ཁུལ་དུ་སྤེལ་བཞིན་པའི་བྱིས་པའི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དང་། ཞིན་ཅང་གི་ངལ་རྩོལ་ར་བ། བོད་བརྒྱུད་ནང་བསྟན་ལ་ཚད་ལས་བརྒལ་བའི་དམ་དྲག་དང་རྒྱ་ལུགས་སུ་བསྒྱུར་བཞིན་པ་ལ་སོགས་པའི་སྲིད་ཇུས་ལག་བསྟར་ལས་མཐོང་ཐུབ། ཁྲིམས་འཆར་འདི་བཏོན་པ་དེ་ཡང་མི་རིགས་གྲངས་ཉུང་གི་ངོ་བོ་རིམ་གྱིས་ནག་བསུབ་དང་། ཐོབ་ཐང་རྩིས་མེད་དུ་བཏང་སྟེ་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཟོ་བཅོས་བྱས་ནས་མི་རིགས་རང་སྐྱོང་གི་ལམ་ལུགས་རིམ་བཞིན་རྩ་མེད་དུ་གཏོང་བའི་དམིགས་ཡུལ་དེ་རྒྱུན་འཁྱོངས་ཡོང་སླད་དུ་ཡིན་པ་གོར་མ་ཆག
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་ཏུ་གཏོང་བ་ཞེས་པའི་ཆབ་སྲིད་འབོད་ཚིག་འདི་༢༠༡༧་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་གྱིས་སྐབས་བཅུ་དགུ་པའི་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་དུ་ཐོག་མར་བསྒྲགས་ཏེ་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་གཏན་འབེབས་ཀྱི་ཚངས་ཐིག་ཏུ་བཞག་ཅིང་། ༢༠༢༣་ལོར་འབོད་ཚིག་དེ་མི་རིགས་རང་སྐྱོང་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ལས་དོན་ཀུན་གྱི་ཚད་གཞིར་འཛིན་དགོས་པར་གཏན་འབེབས་བྱས། དེ་དང་བསྟུན་ནས་རྒྱ་གཞུང་གི་མི་རིགས་ལས་དོན་ལྷན་ཁང་གི་འགན་འཛིན་ལ་བསྡད་མྱོང་བའི་དཔོན་ཆེན་ཕཱན་ཡཱོ་ཞེས་བྱ་བས་བྲིས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་མདོར་བཤད་ཅེས་པའི་དེབ་དེ་ཡང་རྒྱ་ནག་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མ་ཡོངས་ཀྱིས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་སློབ་དེབ་ཀྱི་གྲས་སུ་བཞག་སྟེ་གཞོན་སྐྱེས་རྣམས་ལ་རྒྱ་རིགས་གཙོ་བོ་དང་མི་རིགས་གཞན་པ་ཕལ་བ་ཡིན་པའི་ལྟ་གྲུབ་སྦ་གསང་མེད་པར་སྤེལ། དེབ་དེའི་ནང་དུ་རྒྱ་མི་རིགས་ཀྱི་རིག་གནས་དང་ངོ་བོ་གཙོ་བོ་དང་མི་རིགས་གཞན་གྱི་རིག་གནས་དང་སྐད་ཡིག་ཕལ་བ། རྒྱ་མི་རིགས་རྩ་བ་དང་མི་རིགས་གཞན་ཡན་ལག་ཡིན་པའི་ལྟ་ཚུལ་བཏོན་པ་མ་ཟད། Tibet ཞེས་མི་བརྗོད་པར་Xizang ཞེས་བརྗོད་དགོས་ཞེས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ནི་རྒྱ་གཞུང་གིས་ཞི་དྲག་གང་རུང་གི་ཐབས་ཤེས་ཀྱིས་རྒྱ་ནག་གི་མི་རིགས་ཐམས་ཅད་རྒྱ་རིགས་དང་དམར་ཤོག་ཚོགས་པར་འབྲལ་ཐབས་མེད་པའི་གོང་བུ་གཅིག་གྱུར་གྱི་རྣམ་པ་དེ་ལ་གོ་ན་ཆོག་པ་ལྟ་བུའི་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་གི་ལོག་བཤད་ཀྱང་མི་ཉུང་བ་བདོག
སྤྱིར་གཅིག་མཐུན་འདུས་གྲུབ་(Community)ཅེས་པ་སྐབས་འགར་མི་རིགས་དང་རྒྱལ་ཁབ་ཅེས་པ་དང་དོན་གཅིག་མིང་གི་རྣམ་གྲངས་ལ་གོ་ན་ཆོག་ཅིང་། དེ་ནི་ཐུན་མོང་གི་སྐད་ཡིག་དང་རིག་གནས་སོགས་ལ་ལོངས་སུ་སྤྱོད་པའི་མི་ཚོགས་གང་ཞིག་གིས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་སྐྱིད་སྡུག་ལྟ་བུ་ཞིག་ཡིན་ཞེས་བརྗོད་ན་མི་འགྲིག་པ་མེད། ཐ་སྙད་འདི་ལ་ཆབ་སྲིད་དང་མིའི་རིག་པའི་་ˌསྟེང་ནས་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཡོད། དཔེར་ན་ཡུ་རོབ་གཅིག་མཐུན་འདུས་གྲུབ་ལྟ་བུ་ནི་རང་བཙན་རྒྱལ་ཁབ་ཁག་གིས་གྲུབ་པའི་ཚོགས་པ་ཞིག་ཡིན། ཉེ་བའི་ལོ་བཅུའི་རིང་ལ་རྒྱ་ནག་གཞུང་གིས་ཀྱང་འགྲོ་བ་མིའི་རིགས་ཀྱི་ལས་དབང་གི་གཅིག་མཐུན་འདུས་གྲུབ་(Community of Common Destiny for Mankind)དང་། བརྒྱུད་གཅིག་ལམ་གཅིག་གི་གཅིག་མཐུན་འདུས་གྲུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ལ་སོགས་པའི་ཆབ་སྲིད་འབོད་ཚིག་དང་སྲིད་ཇུས་སོགས་གསར་གཏོད་བྱས་ཏེ་ལག་བསྟར་བྱེད་བཞིན་ཡོད། རྒྱ་གཞུང་གི་འབོད་ཚིག་དེ་ཡི་ལག་ལེན་ལ་ང་ཚོས་རྒྱུས་ལོན་ཡོད་ན་རྒྱ་ནག་གཞུང་གི་དེང་སྐབས་ཀྱི་མི་རིགས་སྲིད་ཇུས་ལ་ངོས་ཟིན་དེ་བས་ཀྱང་གཏིང་ཟབ་པ་ཞིག་བྱེད་ཐུབ། ཨ་རིའི་མི་རིགས་རིང་ལུགས་ཞིབ་འཇུག་ཆེད་མཁས་པ་པིན་ནི་དེ་ཁུ་ཐུ་་ཨན་དྲར་སིན་གྱི་བརྩམས་ཆོས་རྟོག་བཏགས་ཀྱི་གཅིག་མཐུན་འདུས་གྲུབ་སྟེ་མི་རིགས་རིང་ལུགས་ཀྱི་འབྱུང་ཁུངས་དང་ཁྱབ་གདལ་ཐད་ཀྱི་བསམ་གཞིགས་ཞེས་པའི་དེབ་དེའི་ནང་དུ་གཅིག་མཐུན་འདུས་གྲུབ་ནི་རྟོག་པས་བཏགས་ཙམ་གྱི་གཅིག་གྱུར་ཞེས་པའི་མིང་བཟུང་སྟེ་ཚོགས་པ་དེའི་ནང་ཁུལ་གྱི་འདྲ་མཉམ་མ་ཡིན་པ་དང་འགལ་ཟླ་སོགས་སྒྲིབ་པར་བྱེད་པའི་ཡོལ་བ་ལྟ་བུ་ཡིན་ཞེས་བརྗོད་ཡོད་པ་ནང་བཞིན། རྒྱ་གཞུང་གིས་ཀྱང་རྟོག་བཏགས་ཀྱི་ཀྲུང་ཧྭ་མི་རིགས་ཅེས་པའི་ཆབ་སྲིད་རང་བཞིན་ཅན་གྱི་མི་རིགས་ཤིག་རྟོག་བཟོ་བྱས་ཏེ་རྒྱ་རིགས་མ་ཡིན་པའི་མི་རིགས་གྲངས་ཉུང་ལ་གཉའ་གནོན་དང་བཤུ་གཞོག དེ་བཞིན་མི་རིགས་དེ་དག་གི་ངོ་བོ་རྩ་མེད་དུ་བཏང་སྟེ་རྒྱ་མི་རིགས་ཀྱི་ལྟ་སྤྱོད་བཙན་དབང་གིས་གོམས་ལོབས་དང་དད་མོས་བྱེད་དུ་འཇུག་པའི་དངོས་ཡོད་གནས་ཚུལ་དེ་གཞན་གྱིས་མི་མཐོང་བར་བྱེད་པའི་ཆེད་དང་། འཛམ་གླིང་གི་རྒྱལ་ཁབ་དང་མི་མང་ལ་བསླུ་བྲིད་གཏོང་བ་དམིགས་ཡུལ་ཡིན་པའི་མདའ་སྐད་གླིང་བསྒྱུར་གྱི་གནས་སྟངས་དེ་ལ་ང་ཚོས་དོགས་ཟོན་དང་ཐེར་འདོན་བྱ་དགོས།
དོན་ཚན་༦༢་མ་གཏོགས་མེད་པའི་ཁྲིམས་འཆར་དེའི་ནང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་གཏོང་བ་ཞེས་པའི་ཐ་སྙད་དེ་ཐེངས་༣༠་ལྷག་ལ་འབུར་ཏུ་བཏོན་ཏེ་ནན་བརྗོད་བྱས་ཡོད་ཀྱང་། མི་རིགས་ས་གནས་རང་སྐྱོང་ལམ་ལུགས་དེ་མུ་མཐུད་ནས་རྒྱུན་འཁྱོངས་དང་འཐུས་ཇེ་ཚང་དུ་གཏོང་རྒྱུ་ཞེས་མདོར་བསྡུས་ཙམ་ཞིག་མ་གཏོགས་བརྗོད་མེད་པ་འདིས། ཁྲིམས་འཆར་འདི་ནི་རྒྱ་མི་རིགས་ཆེན་པོའི་འདུ་ཤེས་དང་རྒྱ་ཡི་རིག་གནས་སྲུང་སྐྱོབ་ཀྱི་ཁྲིམས་ཤིག་ཡིན་པ་ལས། མི་རིགས་གྲངས་ཉུང་གི་འདུ་ཤེས་དང་རིག་གནས། མི་རིགས་ས་གནས་རང་སྐྱོང་ལམ་ལུགས་གཙིགས་ཆེར་འཛིན་པའི་ཁྲིམས་ཤིག་མིན་པའི་གནད་འགག་དེ་མཐོང་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཞེས་པ་ནི་རྒྱ་རིགས་ཀྱི་སྐད་ཡིག་རིག་གནས་དང་སེམས་ཀྱི་འཁྱེར་སོ་སོགས་གཙོ་བོར་འཛིན་དགོས་པའི་འདུ་ཤེས་ཤིག་ལ་ཟེར། ཁྲིམས་འཆར་དེ་ཡི་དོན་ཚན་༡༥སོགས་ཀྱིས་མངོན་གསལ་དོད་པོའི་ངང་མི་རིགས་རང་སྐྱོང་ས་གནས་སུ། ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ལ་བརྟེན་ནས་སློབ་ཁྲིད་བྱེད་དགོས་ཞེས་གསལ་བའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གི་རྩ་དོན་དེ་རྩིས་མེད་དུ་བཏང་སྟེ། སློབ་ལོ་མ་རན་པའི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ནས་བཟུང་། རྒྱ་སྐད་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དགོས་ཞེས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལའང་རྒྱབ་འགལ་དུ་ཆགས་པའི་ནང་དོན་འཁོད་འདུག་ལ། ཁྲིམས་འཆར་དེའི་ནང་དུ་རྒྱ་ཡིག་དང་མི་རིགས་གཞན་གྱི་ཡི་གེ་མཉམ་དུ་བཀོལ་སྤྱོད་བྱེད་དགོས་པའི་གནས་སྐབས་བྱུང་ཡོད་ནའང་དོན་གྱིས་ངེས་པར་དུ་རྒྱ་ཡིག་འབུར་ཏུ་བཏོན་ཏེ་བཀོལ་སྤྱོད་བྱེད་དགོས་ཞེས་པའི་མི་རིགས་དབྱེ་འབྱེད་དང་ཁྱད་གསོད་ཀྱི་དོན་ཚན་ཡང་མི་ཉུང་བ་བདོག
ཁྲིམས་འཆར་དེ་ཡི་དོན་ཚན་༤༤་ནང་དགོན་པ་དང་ཆོས་ལུགས་སློབ་གྲྭ་སོགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཆེད་དུ་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལག་ཆར་བསྒྱུར་ཅིང་། བོད་མི་ཡོངས་ཀྱི་ཆོས་དད་ཀྱི་བསམ་བློར་བཀོད་འདོམས་དང་ཚོད་འཛིན་བྱེད་རྒྱུའི་དམིགས་ཡུལ་བཅངས་ཏེ།། བོད་ཀྱི་དགེ་འདུན་པ་དང་བཙུན་མ་རྣམས་ལ་ཀྲུང་གོ་རྒྱལ་ཁབ་ལ་ཤ་ཞེན་ཡོད་པའི་ཆབ་སྲིད་སློབ་གསོ་སྤེལ་བ། བོད་མི་ཡོངས་ཀྱི་ལྷན་སྐྱེས་ཀྱི་རྒྱུད་ན་༧རྒྱལ་བ་རིན་པོ་ཆེ་ལ་ཡོད་པའི་དད་པ་ཅི་ནུས་ཀྱིས་མེད་པར་གཏོང་བ། བོད་ཀྱི་བླ་སྤྲུལ་ངོས་འཛིན་་དང་དགོན་པ་འཛིན་སྐྱོང་ལ་ཐེ་གཏོགས་བྱས་ཏེ་པཎ་ཆེན་བླ་མ་ཐེ་བའི་ཆོས་ལུགས་དབུ་ཁྲིད་ཁག་བསྐོ་བཞག་དང་ཚོད་འཛིན་བྱེད་པ། བོད་ཀྱི་དགེ་འདུན་པས་ནང་ཆོས་འཆད་རྩོད་རྩོམ་གསུམ་གྱི་ལས་རྒྱའི་སྐད་ཡིག་གི་སྟེང་ནས་བྱེད་དགོས་པ་ལས་བོད་སྐད་ཡིག་གི་ལམ་ནས་བྱེད་མི་ཆོག་པ་ལ་སོགས་པའི་སྦྱོར་བ་སྣ་ཚོགས་བརྩམས་ཏེ་བོད་ཀྱི་ཆོས་ལུགས་ཀྱི་ངོ་བོ་དང་ནུས་ཤུགས། ཆོས་དད་རང་དབང་སོགས་མེད་པར་བཏང་དང་གཏོང་བཞིན་ཡོད་པའི་ཁྲིམས་འགལ་གྱི་ལས་འདི་དག་ཁྲིམས་འཆར་འདིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མིང་ཐོག་ནས་ཁྲིམས་མཐུན་ཅན་དུ་གཏོང་ངེས།
དེ་མིན། རྒྱ་ནག་རྒྱལ་ཁབ་ནི་རྒྱལ་མཚམས་ལས་བརྒལ་བའི་བཙན་གནོན་(transnational repression)གྱི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ཤིག་ཡིན་པ་དང་། རྒྱ་གཞུང་གིས་ཡུ་རོབ་དང་ཨ་རི་ལ་སོགས་པའི་རྒྱལ་ཁབ་ཀྱི་བཙན་བྱོལ་བོད་མི་སོགས་ཀྱི་ཐོག་ཏུ་ལག་ངན་བསྲིངས་ཏེ་ཞི་དྲག་གཉིས་ཀའི་སྒོ་ནས་དེ་དག་དང་དེ་དག་གི་བོད་ནང་དུ་ཡོད་པའི་ནང་མི་ལ་འཇིགས་སྐུལ་དང་བསུན་གཙེར་སྣ་ཚོགས་མངོན་ལྐོག་གིས་བྱེད་ཀྱིན་ཡོད་པ་ང་ཚོས་ཨ་རིའི་རང་དབང་ཁང་པས་སྤེལ་བའི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར་གྱི་སྙན་ཐོ་ལས་ཤེས་ཐུབ། ཁྲིམས་འཆར་དེའི་དོན་ཚན་མཐའ་མའི་ནང་དུ། རྒྱ་ནག་རྒྱལ་ཁབ་ཕྱི་རོལ་ན་ཡོད་པའི་གང་ཟག་དང་ཚོགས་པ་གང་རུང་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་ཁ་བྲལ་ཀྱི་བྱ་བ་བསྒྲུབས་ན་ཁྲིམས་ལྟར་རྗེས་འདེད་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་གྱི་ཚུལ་ཏུ་བཀོད་ཡོད་པ་དེས། ཁྲིམས་འཆར་འདིས་རྒྱ་གཞུང་གི་མི་རིགས་གཉའ་གནོན་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཕྱི་ཕྱོགས་ཀྱི་གང་ཟག་དང་ཚོགས་པ་གང་རུང་གི་སྨྲ་བརྗོད་རང་དབང་ལའང་སྲིད་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་མུ་མཐུད་ཇུས་གཏོགས་དང་གནོད་འཚེ་བྱེད་རྒྱུར་ཁྲིམས་ལུགས་ངོས་ཐད་ཀྱི་ཆོག་མཆན་སྦ་གསང་མེད་པར་སྤྲད།
བོད་དོན་གྱི་བདེན་མཐའ་སེལ་ཞིང་བོད་རྒྱའི་དཀའ་རྙོག་སེལ་བའི་གཞི་རྩའི་ཐབས་ལམ་དུ་གྱུར་བའི་དབུ་མའི་ལམ་གྱི་རྨང་གཞི་དེ་ཡང་རྒྱ་ནག་མི་རིགས་རང་སྐྱོང་གི་ལམ་ལུགས་ལ་རག་ལས་ཡོད་ཀྱང་། ང་ཚོས་ལམ་ལུགས་དེ་ཁོ་ན་ལ་གཞི་བཅོལ་ཏེ་འབད་བརྩོན་བྱས་ན་འབྲས་བུ་ལེགས་པོ་སྨིན་དཀའ། སྤྱི་ལོ་༡༩༨༤་ལ་རྒྱ་ནག་གཞུང་གིས་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་སྤེལ་བ་ནས་བཟུང་། བོད་ལྗོངས་དང་ཡུ་གུར། ནང་སོག་རང་སྐྱོང་ལྗོངས་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་དག་གིས་སོ་སོའི་རང་སྐྱོང་ལྗོངས་རིམ་པའི་རང་སྐྱོང་སྲོལ་ཡིག་གཏན་འབེབས་ལ་འབད་བརྩོན་རབ་དང་རིམ་པ་བྱས་ཀྱང་མཐར་རྒྱ་ནག་དབུས་གཞུང་གིས་བར་ཆད་བཏང་ནས་དུས་ད་ལྟའི་བར་དུ་བཅའ་མ་ཐུབ་པར་ལུས། རང་སྐྱོངས་ལྗོངས་སོ་སོ་ལ་རང་གི་རང་སྐྱོང་སྲོལ་ཡིག་མེད་ན་རང་སྐྱོང་ལྗོངས་དེ་ནས་རང་སྐྱོང་ལམ་ལུགས་ལག་བསྟར་བྱ་ཐབས་བྲལ་ཞིང་། དཔེར་ན། ཧོང་ཀོང་དང་མ་ཁའོ་དམིགས་བསལ་འཛིན་སྐྱོང་ས་ཁུལ་ལ་གཞི་རྩའི་ཁྲིམས་ལུགས་(The Basic Law )མེད་སོང་ན་དེ་དག་གི་ཚད་མཐོའི་རང་སྐྱོང་ཡོང་མི་སྲིད་པ་ལྟ་བུའོ། དེ་མིན་རང་སྐྱོང་ལྗོངས་ཀྱི་དབང་ཆ་ཆེ་ཤོས་འཛིན་མཁན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་རྒྱ་རིགས་གཅིག་པུ་ལས་རང་སྐྱོང་མི་རིགས་གཏན་ནས་བསྐོ་འཇོག་མི་བྱེད་པ་དང་། རང་སྐྱོང་ཁུལ་དང་དེའི་གཤམ་འོག་གི་རྫོང་དང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་མང་ཆེ་བ་ཡང་དེང་སང་རྒྱ་རིགས་ལས་རང་སྐྱོང་མི་རིགས་གཞན་གྱི་མི་སྣ་བསྐོ་འཇོག་མི་བྱེད། སྤྱི་ལོ་༢༠༢༢་ལ་རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་སོགས་ཀྱི་གྲོང་སྤྱི་རྒྱ་རིགས་དཔོན་པོ་བསྐོས་འཇོག་བྱས་པའི་དོན་དངོས་འདི་དག་གིས་བོད་རང་སྐྱོང་ལྗོངས་ན་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པའི་བོད་རིགས་རང་སྐྱོང་གི་ས་ཆ་ལག་མཐིལ་ཙམ་ཡང་མེད་པའི་གནད་དོན་སྦ་གསང་མེད་པར་ཕྱིར་མངོན། རྒྱ་ནག་གི་རྩ་ཁྲིམས་ནང་གི་མི་རིགས་རང་སྐྱོང་ལམ་ལུགས་དེ་ཡང་ཤིན་ཏུ་གུ་དོག་དང་རྗེས་ལུས། ཁྲིམས་བཟོ་དང་འཛིན་སྐྱོང་མ་གཏོགས་ཞལ་ལྕེ་གཅོད་པ་དང་གཞུང་གཏུག་གིས་མཚོན་པའི་ཁྲིམས་འཛིན་དང་ལྟ་ཞིབ་བཅས་ཀྱི་ཁྱབ་ཁོངས་སུ་རང་སྐྱོང་མི་འགྲོ་བའི་དབང་གིས་མིང་ཙམ་དང་ཁས་འཆེས་པ་ཙམ་གྱི་རང་སྐྱོང་ཡིན་པ་ལས། དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རང་སྐྱོང་ཚད་གཞི་དང་ཡོངས་སུ་མཐུན་པའི་རང་སྐྱོང་ལམ་ལུགས་ཡང་དག་ཅིག་མིན། དེའི་རྒྱུ་མཚན་གྱིས་རྒྱ་ནག་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་བའི་ཆབ་སྲིད་ལྟ་གྲུབ་སྨྲ་བའི་ཆེད་མཁས་པ་ལྱིག་ཞའོ་བྷོ་(刘晓波)ཡིས་ཀྱང་རྒྱ་ནག་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་ལམ་ལུགས་ནི་རྗེས་ལུས་དང་ཚད་ལྡན་མིན་པས། ལམ་ལུགས་དེ་དོར་ནས་སྤྱི་མཐུན་མཉམ་འབྲེལ་ལམ་ལུགས་(United Republic)ཀྱིས་རྒྱལ་ཁབ་འཛིན་སྐྱོང་དང་མི་རིགས་གནད་དོན་ཐག་གཅོད་ཀྱི་བྱེད་ཐབས་སུ་བསྟེན་དགོས་ཞེས་བརྗོད་མྱོང་།
རྒྱ་ནག་དམར་ཤོག་ཚོགས་པས་བཤད་སྟངས་ལྟར་ན་ད་ལྟའི་རྒྱ་ནག་རྒྱལ་ཁབ་ལ་འཕོ་འགྱུར་གྱི་དུས་ཚིགས་གསུམ་བྱུང་ཡོད་པ་དེ་དག་ནི་ཡར་ལ་ལངས་བའི་དུས་ཚིགས་དང་།(སྤྱི་ལོ་༡༩༤༩་ནས་༡༩༧༩་ཡས་མས་བར།) འབྱོར་ཕྱུག་ཏུ་གྱུར་བའི་དུས་ཚིགས།(སྤྱི་ལོ་༡༩༨༠་ནས་༢༠༡༢་ཡས་མས་བར།) སྟོབས་ལྡན་ཏུ་གྱུར་བའི་དུས་ཚིགས་(སྤྱི་ལོ་༢༠༡༣་ནས་ད་ལྟའི་བར།)བཅས་ཡིན་ཟེར། རྒྱ་ནག་གིས་དུས་ཚིགས་དང་པོའི་ནང་བོད་རྒྱལ་ཁབ་རྒྱ་ནག་གི་དབང་ཁོངས་སུ་བཙན་འཛུལ་གྱིས་བཅུག་སྟེ་གྲོས་མཐུན་དོན་ཚན་༡༧་བཞག་ཅིང་། ཕྱིས་སུ་༧གོང་ས་མཆོག་དང་བོད་གཞུང་བཙན་བྱོལ་ཏུ་ཕེབས་དགོས་པའི་དོན་རྐྱེན་བྱུང་། དུས་ཚིགས་དེ་རྫོགས་ལ་ཉེ་བའི་སྐབས་སུ་༧གོང་ས་མཆོག་གིས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཀྱི་ཕྱིར་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བརྒྱུད་དེ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་གནང་རྒྱུའི་སྲིད་བྱུས་གཏན་འབེབས་གནང་ལ། རྒྱ་ནག་གི་འགོ་ཁྲིད་ཏེང་ཞའོ་ཕིང་གིས་ཀྱང་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཚུལ་བརྗོད། དུས་ཚིགས་གཉིས་པའི་ནང་དུ་རྒྱ་ནག་གཞུང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་སྤེལ་ཏེ་དཔལ་འབྱོར་གནས་སྟངས་གོང་འཕེལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། རྩ་ཁྲིམས་གསར་བ་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་བཅས་ཏེ་མི་རིགས་སྲིད་ཇུས་ལག་བསྟར་ཅུང་ཟད་བྱས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཨ་རི་དང་ཡོ་རོབ་གྲོས་ཚོགས་གཙོས་པའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དབུ་མའི་ལམ་གྱི་སྲིད་བྱུས་གསེད་དཀྲོལ་གནང་སྟེ་བོད་རྒྱ་གྲོས་མོལ་ཐེངས་མང་པོ་བྱུང་། དུས་ཚིགས་གསུམ་པའི་ནང་དུ་རྒྱ་ནག་གུང་ཁྲན་ཏང་གིས་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་དེ་བས་ཇེ་དམ་དུ་བཏང་ནས། ཕྱི་རུ་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཞེས་པའི་མིང་བཟུང་སྟེ་རྒྱལ་ཁབ་གཞན་ལ་འཇིགས་སྐུལ་དང་ཐོ་འཚམ་པའི་རྒྱ་རིགས་མི་རིགས་ཐལ་དྲག་རིང་ལུགས་ཚམ་བརྔམ་བྱས་དང་བྱེད་མུས་དང་། ནང་དུ་ཀྲུང་ཧྭ་མི་རིགས་ཞེས་སྒྲོ་བཏགས་པའི་ལྟ་བ་སྤེལ་ནས་མི་རིགས་གཞན་དག་གི་ཆོས་དང་རིག་གནས་དང་ངོ་བོ་རྒྱ་རིགས་ཀྱི་ངོ་བོར་བཙན་ཐབས་ཀྱིས་བསྒྱུར། དུས་ཚིགས་གཉིས་པ་དང་གསུམ་པའི་མཐུད་མཚམས་ནང་དུ་ང་ཚོའི་དཔའ་བོ་དཔའ་མོ་བརྒྱ་དང་ལྔ་བཅུ་ལྷག་གིས་བཙན་གནོན་དང་ཧྥ་ཤི་སིའི་རང་བཞིན་ཅན་གྱི་མི་རིགས་སྲིད་ཇུས་ལ་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་ཞུགས་འབུལ་གནང་ཡོད་ལ། དུས་ཚིགས་དེའི་ནང་དུ་བོད་རྒྱ་གྲོས་མོལ་ཐེངས་གཅིག་ཀྱང་བྱུང་མེད།
རྒྱ་ནག་ཏུ་རྒྱ་རིགས་ཆེན་པོའི་རིང་ལུགས་དང་མ་ཁེ་ཡ་བལ་ལེའི་རིང་ལུགས་(Machiavellianism (politics))བསྲེས་པའི་མི་རིགས་ཐལ་དྲགས་རིང་ལུགས་ཀྱིས་ཐོག་དྲངས་པའི་རིག་གནས་གསར་བརྗེ་གསར་བ་ཞིག་གི་རྦ་རླབས་འཕྱོ་བའི་དུས་ངན་འདི་དང་བསྟུན་ནས་ཁྲིམས་འཆར་འདི་དངོས་སུ་ཁྲིམས་ལུགས་དངོས་སུ་གྱུར་ན། བོད་མི་སོགས་ཀྱི་ངོ་བོ་དང་རིག་གནས་མུ་མཐུད་དུ་ཉམས་དམས་དང་རྩ་སྟོང་དུ་འགྲོ་རྒྱུར་ཤུགས་འཕར་མ་བསླེབ་ངེས་པ་མ་ཟད། རྒྱ་ནག་གི་མི་རིགས་ཐམས་ཅད་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་བཅུག་སྟེ་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་དེ་ཡང་རིམ་གྱིས་མེད་པར་གཏོང་སྲིད་པས། ང་ཚོ་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་གཞིར་བཟུང་སྟེ་མིང་དོན་མཚུངས་བའི་རང་སྐྱོང་བརྩོན་ལེན་བྱེད་པའི་དབུ་མའི་ལམ་གྱི་རྨང་གཞི་དེར་གཡོ་འཁྱོམ་ཐེབས་པའི་ཉེན་ཁ་མཆིས་ཤིང་། ལྷག་པར་དུ་གཞིས་ལུས་མི་དམངས་ཀྱི་མིང་ཙམ་གྱི་རང་སྐྱོང་ཐོབ་ཐང་ཉི་ཚེ་བ་དེ་དག་ཀྱང་རྒྱ་གཞུང་གིས་ཁྲིམས་འདིའི་མིང་ཐོག་ནས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གཏོང་བའི་ཉེན་ཁ་ཡོད་སྲིད་པ་བཅས་ཀྱི་དབང་གིས་བཙན་བྱོལ་སྲིད་གཞུང་གིས་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ་རྣམ་པས་མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་མི་རིགས་གཉའ་གནོན་བྱེད་པའི་ཁྲིམསའཆར་དེ་ལ་རྒྱུས་ལོན་ཡོད་པར་བྱ་རྒྱུ་ཤིན་ཏུ་གལ་ཆེ། གལ་སྲིད་རྒྱ་གཞུང་གིས་མིང་ཙམ་གྱི་མི་རིགས་རང་སྐྱོང་ལམ་ལུགས་དེ་ཡང་དངོས་སུ་མེད་པར་བཏང་ན་ང་ཚོ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་མི་ལྷུང་བའི་ཆེད་དུ། དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པས་ལྟ་བ་ལྔ་དང་འདུ་ཤེས་བཞི། ཟུང་འབྲེལ་གཉིས་དང་མཉམ་གནས་བཞི་ལ་སོགས་པའི་བརྗོད་བྱས་གོང་བསྒྲིགས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཞེས་སྒྲོ་བཏགས་ཅན་གྱི་མི་རིགས་གསར་བ་ཞིག་བཟོ་བཞིན་པའི་བརྒྱུད་རིམ་ལ་བསྟུན་ནས། ང་ཚོས་ཀྱང་དབུ་མའི་ལམ་གྱི་ལྟ་གྲུབ་དང་ལག་ལེན་དེ་རྒྱ་ནག་གི་མི་རིགས་རང་སྐྱོང་གི་ལམ་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཟུང་འབྲེལ་གྱི་སྒྲོམ་གཞིའི་ནང་དུ་བཞག་སྟེ། དབུ་མའི་ལམ་དང་ཡོངས་སུ་མཐུན་པའི་བོད་རྒྱའི་དཀའ་རྙོག་སེལ་བའི་བྱེད་ཐབས་གསར་བ་དང་གཞུང་ལུགས་གསར་བ་བཅས་ལ་བསམ་བློ་ཟབ་མོ་བཏང་ནས་ལག་ལེན་གནད་དུ་འཁེལ་བ་བྱ་དགོས་པར་སྙམ།
མཐའ་མར། རྒྱ་ནག་གཞུང་གིས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་གོ་མིན་ཏང་གི་སྲིད་དབང་བཅོམ་བརླགས་ཀྱིས་རྒྱ་ནག་གི་སྲིད་དབང་ཡོངས་སུ་འཕྲོག་ཐུབ་པ་དེ་ཡང་བོད་རིགས་གཙོས་པའི་མི་རིགས་ཁག་གི་རོགས་རམ་གྱི་བཀའ་དྲིན་ཡིན་པ་དང་། སྐབས་དེར་མི་རིགས་དེ་དག་ལ་རང་ཐག་རང་གཅོད་བྱེད་དུ་འཇུག་པའི་མནའ་བོར་མྱོང་བའི་ལོ་རྒྱུས་ཀྱི་དོན་དངོས་དེ་མི་བརྗེད་ཅིང་། གོ་མིན་ཏང་གིས་གུ་དོག་པའི་རྒྱ་རིགས་ཆེན་པོའི་རིང་ལུགས་ལག་བསྟར་བྱས་རྐྱེན་སྲིད་དབང་ཤོར་བའི་ལམ་གོལ་ལའང་བསྐྱར་ཏུ་མི་འཇུག་པར། རྒྱ་ནག་ཏུ་རྒྱ་རིགས་མ་ཟད་མི་རིགས་གཞན་ཡང་དོན་དངོས་སུ་ཡོད་པའི་བདེན་པ་ལ་ངོས་ལེན་བྱས་ཏེ། དཔལ་ཡོན་ལྡན་པའི་རྒྱལ་ཁབ་དག་གིས་དེའི་མི་རིགས་གནད་དོན་དེ་དག་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་སྟེ་སེལ་ཐབས་བྱེད་པའི་ལུགས་བཟང་ལ་ཁ་མིག་ཡར་ལྟ་ཡི་ཚུལ་གྱིས་རྒྱ་ནག་ནང་གི་མི་རིགས་སོ་སོའི་གནད་དོན་ཐབས་མཁས་ཀྱིས་སེལ་ན། ད་གཟོད་ཡང་དག་པའི་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུའི་དུས་བདེ་ཞོད་འཇགས་ཀྱི་རྣམ་པ་རང་བཞིན་གྱིས་མངོན་གྱུར་ཡོང་ཐུབ། དེ་ལས་ལྡོག་སྟེ་མི་རིགས་གཞན་ལ་གཉའ་གནོན་དང་དེའི་ངོ་བོ་ནག་བསུབ་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཅིག་ཡོང་བར་ཨུ་ཚུགས་མཐར་བསྐྱེལ་བྱས་ན། གང་ན་གཉའ་གནོན་ཡོད་ན་དེ་ན་ངོ་རྒོལ་ཡང་ཡོད་པ་བཞིན། རིགས་སོ་སོའི་མི་མང་བློ་ལོག་སྟེ་ངོ་རྒོལ་རྒྱུན་ཆད་མེད་པར་བསླང་བ་གདོན་མི་ཟ། དེའི་ཕྱིར་༧གོང་ས་མཆོག་གིས་གསར་གཏོད་གནང་བའི་དབུ་མའི་ལམ་དེ་རྒྱ་ནག་གཞུང་གིས་བོད་རྒྱ་མི་དམངས་ལ་ཕན་པ་མ་ཟད། རྒྱ་ནག་གི་མི་རིགས་གནད་དོན་སེལ་ཐབས་ཡང་དག་དང་། དོམ་དམ་གྱི་རྒྱ་ནག་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྣམ་པ་རང་བཞིན་གྱིས་འགྲུབ་པར་བྱེད་པའི་ལྡེ་མིག་ལྟར་མཐོང་སྟེ། བསམ་བློ་བཅིང་གྲོལ་གྱི་སྒོ་ནས་མི་རིགས་ཐམས་ཅད་ལ་སྨན་པའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་ཁྲིམས་ཤིག་བཅས་ན་ལེགས།



