བོད་ཀྱི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་རྒྱ་ནག་གིས་བཟུང་བཙོན་འོག་བཅུག་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ཁྲི་ཀ་རྫོང་ཁོངས་ཀྱི་རང་ཁྱིམ་དུ་བཟང་བཙོན་འོག་བཅུག་ཡོད་ཅིང་། རྒྱ་ནག་གཞུང་གིས་ཚེ་རིང་མཚོ་ལགས་ཀྱིས་གཞུང་གི་ཆོག་མཆན་མེད་པར་དྲ་ལམ་ནས་ཐོབ་ཐང་ལག་འཁྱེར་བཟོས་པ་དང་སྤྱི་ཚོགས་ཟིང་འཁྲུག་བཟོས་པའི་ནག་ཉེས་གཡོག་ཡོད་འདུག
འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་འདུག་ལ། ཁོང་མོའི་འགྲོ་འདུག་གི་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག ཅེས་བརྗོད་བྱུང་། ད་ལྟ་ཚེ་རིང་མཚོ་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཞའོ་ཅིན་ (梁小军) གྱིས་ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་དུ་ཁོང་མོར་དྲང་བདེན་གྱི་ཐག་གཅོད་ཡོང་སླད་ཁྲིམས་གཏུག་བྱེད་མུས་ཡིན་འདུག་ལ། ཁྲིམས་རྩོད་པ་ལིན་ཞའོ་ཅིན་གྱིས་ད་སྔ་བར་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་དང་རྡོ་རྗེ་བཀྲ་ཤིས་སོགས་ཀྱི་ཁྲིམས་རྩོད་པ་གནང་མྱོང་ཡོད།
འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་ཚེ་རིང་མཚོ་ལགས་སུ་སྐད་འཕྲིན་ཐོག་གནས་ཚུལ་རྫུན་མ་སྤེལ་བའི་ཉེས་མིང་འོག་བདུན་ཕྲག་གཉིས་རིང་བཀག་ཉར་བྱས་ཡོད་པ་དང་། ལོ་དེའི་ཟླ་ ༡༡ ་ཚེས་ ༢༠ ཉིན་ཚེ་རིང་མཚོ་ལགས་ཀྱིས་སྒེར་གྱི་སྐད་འཕྲིན་ཐོག་རྒྱ་ནག་གཞུང་གིས་ཁོང་ལ་ཕྱིར་སྐྱོད་ལག་འཁྱེར་མ་སྤྲད་པར་དམ་དྲག་བྱས་པ་མ་ཟད། ཁོང་གི་ནང་མིར་འཇིགས་སྐུལ་དང་སུན་བཙེར་བཟོས་པའི་བརྙན་ཐུང་ཞིག་སྤེལ་ཡོད་ལ། ཕྱི་ལོ་ ༢༠༡༧ ལོ་ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་ཚེ་རིང་མཚོ་ལགས་ཐེངས་ལྔའི་རིང་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།


