ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་གསུམ་དྷ་རམ་ས་ལར་ཡོང་སྟེ་བོད་པའི་མགྲོན་ཁང་ཞིག་ལ་ཐོ་འགོད་ཚུལ་བཞིན་མ་བྱས་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ནས་བོད་པའི་མགྲོན་ཁང་ཚོས་ཕྱི་མི་འགྲུལ་བ་དག་གི་མི་སེར་ལག་འཁྱེར་སོགས་ལ་ལྟ་ཞིབ་ནན་པོ་བྱེད་དགོས་པའི་འབོད་སྐུལ་གནང་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་བུད་མེད་གཉིས་དང་སྐྱེས་པ་གཅིག་བཅས་ཡུལ་སྐོར་བར་བརྫུས་ནས་བཞུགས་སྒར་དྷ་རམ་ས་ལར་ཡོང་སྟེ། བོད་པའི་མགྲོན་ཁང་ཞིག་ཏུ་ཐོ་འགོད་ཚུལ་བཞིན་མ་བྱས་པར་ཞག་གཅིག་བསྡད་དེ་གསང་བའི་སོ་ཉུལ་བྱས་ཡོད་འདུག
འདི་གའི་གསར་འགོད་པས་རྒྱུན་ལོན་བྱས་པ་ལྟར་ན། རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་གསུམ་དེ་པདྨ་ཐང་གི་བོད་པའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་པ་མ་ཟད། མེག་གྷན་སུམ་མདོ་སྟེ་སྒྲོལ་མ་སུམ་མདོའི་ (Dolma Chowk) ཉེ་འཁྲིས་ཀྱི་བོད་པའི་ཚོང་ཁང་གི་བདག་པོ་ཨ་ཅག་ལགས་ཤིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་སྐད་ཆ་དྲིས་ནས་བརྙན་ལེན་ཐབས་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གིས་འབོད་སྐུལ་གསལ་བསྒྲགས་ཤིག་གནང་བའི་ནང་དུ། ཉེ་ཆར་མེ་གྷན་ཁྲོམ་གཞུང་དུ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་བུད་མེད་གཉིས་དང་ཁྱོ་ག་ གཅིག་བཅས་ཡུལ་སྐོར་བ་ཡིན་ཁུལ་གྱིས། བོད་པ་ཚོང་བདག་ཅིག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་འདྲི་རྩད་ཀྱིས་བརྙན་བླངས་ཐབས་བྱས་འདུག ཁོང་ཚོའི་བྱ་སྤྱོད་ལ་དོགས་གཞི་བྱུང་སྟེ། རྒྱ་གར་འབྲེལ་ཡོད་ཚན་པར་སྙན་སེང་ཞུས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། ཁོང་ཚོ་སྡོད་ས་མེག་གྷན་གྱི་བོད་པའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་ཅིང་། མགྲོན་ཁང་གི་སྣེ་ལེན་པས་ C-form ནང་ལ་ཁོང་ཚོའི་ཡོང་ཁུངས་རྒྱལ་ཁབ་བྲིས་ནོར་བྱུང་བ་ར་འཕྲོད་བྱུང་ཡོད། དེས་ན་དེ་ལྟའི་འཐུས་ཤོར་མི་ཡོང་ཆེད། མགྲོན་ཁང་དུ་འགྲུལ་བ་ཐོ་འགོད་བྱེད་ཕྱོགས་རྒྱ་གར་གཞུང་གི་ཡུལ་ཁྲིམས་ལ་ཐུགས་སྣང་གིས་དེ་གཞིར་བཟུང་ལག་བསྟར་གནང་སྟེ། རང་རེའི་སྤྱི་ཚོགས་ཁྲོད་ཚོགས་སྒེར་སུ་རུང་ནས་གནས་ཚུལ་ཛ་དྲག་སྔོན་འགོག་ཐོག་ཡིད་གཟབ་དང་། མགྲོན་ཁང་ནང་ཕྱི་མི་འགྲུལ་བ་བཞུགས་མཁན་དེ་དག་གི་མི་སེར་ལག་འཁྱེར་ (Passport) སོགས་ལ་ལྟ་ཞིབ་ནན་པོ་བྱས་ནས་ཐོ་འགོད་གནང་ཕྱོགས་ཡོང་བའི་ཡོངས་ཁྱབ་འབོད་སྐུལ་གསལ་བསྒྲགས་ཞེས་བཀོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།




