རྩོམ་པ་པོ། བློ་བཟང་ཆོས་འབྱོར།(ཤར་ཕྱོགས་ཁུག་རྟ།)
རྩོམ་ཁུངས། བོད་ཀྱི་དུས་བབ།
༄༅།། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོས་རང་ཅག་བོད་མི་རྣམས་གཙོས་འགྲོ་བ་ཡོངས་ཀྱི་ཆེད་དགུང་གྲངས་ ༡༣༠ ལྷག་བཞུགས་རྒྱུར་ཞལ་བཞེས་རིམ་བསྟུད་དུ་ཕེབས་པ་བཞིན། བཀའ་སློབ་དེ་དག་གི་ཟབ་གནད་ལ་འཛུལ་ཐབས་བྱ་རྒྱུའི་ཐབས་ལམ་མམ་བློ་སྦྱོང་ཚུལ་སྣ་མང་ཡོད་པ་ལས། རང་འདྲའི་ལས་དང་པོ་བ་རྣམས་ལ་ད་ལྟ་ཕྲན་བུ་བརྗོད་ཐུབ་པ་འགའ་ཞིག་འདུག་སྟེ།
དང་པོ། ༸རྒྱལ་བ་རིན་པོ་ཆེ་སུ་ཡིན་ངོ་ཡག་པོ་ཞིག་ཤེས་དགོས་གལ་ཆེ། དེ་ཡང་གཞན་དང་གཞན་གྱི་ངག་དང་ཡིག་ལམ་གཉིས་ཀས་མཛད་པའི་མཛད་རྣམ་གཅིག་བྲིས་གཉིས་བཤུ། གཅིག་བཤད་བསྐྱར་བརྗོད་ལྟ་བུའི་རིམ་པར་རྒྱུས་མངའ་ཅུང་ཟབ་མོ་ཆགས་པས་མི་ཡོང་སྟེ། རང་གིས་ཐོས་པའི་༸རྒྱལ་བ་རིན་པོ་ཆེའི་ཡོན་ཏན་ནམ་མཛད་རྗེས་རྣམས་བསམ་བློའི་ནང་ཡང་ཡང་བསམས་ཏེ། རང་གི་བློ་ངོར་འདི་རེད། འདི་མཚར། འདི་ལ་སྐྱབས་སུ་མཆིའོ་སྙམ་པའི་བློ་གཡོ་བ། དེས་མིག་ནས་མཆི་མ་འཁྲུགས་པར་བྱེད་པ་ཐེངས་རེ་གཉིས་ཀྱིས་ཀྱང་ཆོག་ཤེས་མི་གནང་བར། ཡང་ནས་ཡང་དུ་བསམས་ན། བསམ་བློའི་ནང་སེམས་བྱུང་གཞན་གྱིས་བར་གཅོད་དཀའ་བ། ཆེད་མངགས་༸རྒྱལ་བ་རིན་པོ་ཆེའི་སྐོར་བསམ་བློ་གཏོང་དུས། དུས་ཚོད་བཏང་སྟེ་དབེན་ས་ཞིག་ཏུ་འཛུལ་ཡང་མི་དགོས་པར། ནམ་རྒྱུན་གྱི་བློ་ལ། དེ་ཡང་རྩོལ་བ་མི་དགོས་པའི་བློ་ལ་༸རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ཚང་ལ་མ་ནོར་བ་རགས་བསྡུས་སྣ་ཚོགས་སུ་དཔྱད་སྟོབས་ཀྱིས་ལྷང་ལྷང་འཆར་བའི་སེམས་ཤིག་སྐྱེ་ཐབས་སྔོན་དུ་སྦྱོང་དགོས། དེ་སྐྱེས་བ་ཡིན་ན། ༸རྒྱལ་བ་རིན་པོ་ཆེ་ཕྱི་རོལ་ལམ། ཚིག་ཙམ་དུ་མ་ལྷག་པར་རང་ཅག་གི་སེམས་རྒྱུད་ལ་ཡོད་པར་གྱུར་པ་ཡིན། འོན་ཀྱང་། ཡོད་པར་གྱུར་པའི་ཚད་དེ་ཟབ་ཅིང་རྒྱས་ལོད་གང་འདྲ་ཞིག་ཡིན་མིན་གང་ཟག་སོ་སོའི་ཐོག་མར་ཐོས་པའི་ལམ་ནས་མཇལ་བའི་མཛད་རྣམ་ཁག་གི་སྤུས་ཀ་དང་། དེར་མཇལ་སྟངས་ལ་རག་ལས་པ་ཡིན།
གཉིས། དེ་ནས། ནང་པའི་གཞུང་ནས་བཤད་པའི་མངོན་ཤེས་དང་རྫུ་འཕྲུལ་སོགས་ཅི་ལྟར་སྐྱེས་ཀྱི་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་ཡིན། དེ་སྒྲུབ་ཐུབ་པ་ཞིག་ཡིན་མིན། ད་བར་འགྲུབ་མཁན་བྱུང་ཡོད་མེད་ལ་བསམ་བློ་བཏང་ན་ཅུང་ཞིབ་ཚགས་སུ་འགྲོ། འདིའི་ཆེད་སྐྱེས་བུ་གསུམ་གྱི་ལམ་ལས་མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་ཀྱི་བར་རམ། ཡང་ན་ཞི་གནས་ཀྱི་སྐོར་ལྟ་བུར་ཅུང་རགས་པའི་ངང་ནས་བསམ་བློ་བཏང་བའམ། སློབ་སྦྱོང་བྱས་ཏེ། རང་གི་བསམ་བློའི་ཐོག་ཏུ་ཆ་ཚང་མ་ལོན་ནའང་། ཁ་ཕྱིར་ལྟོས་སམ་ཐོས་པ་གཅིག་པུའི་སྒོ་ནས་ལྟོས་ནའང་ཆོག་པར་སྙམ། ཅི་ལྟར་ཞེ་ན། ད་ལྟ་ང་ཚོ་རང་རང་གི་འཚོ་གོས་རྒྱུ་དཔལ་འབྱོར་དང་། གཏམ་སྙན་གྲགས་ལ་འདོད་པ་ཤུགས་ཆེན་པོ་ཡོད་པ། རང་ལ་ཆགས་པ། དགྲ་ལ་སྡང་བ་སོགས་ཀྱི་བསམ་ཚུལ་རྣམས་ཀྱི་འབྱུང་རྩ། ཕན་གནོད་སོགས་ལ་བསམ་ཞིབ་བྱས་ན། རང་གི་བློ་འདི་བཅོས་སུ་ཡོད་པ། ཕྱིའི་མཐུན་རྐྱེན་ལ་རག་ལས་ཏེ་སེམས་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་པ། དབང་པོ་ལྔས་གང་འདོད་དུ་བཀོལ་བའི་ཚུལ་ལ་ཁ་གཏད་བཅག་སྟེ། ཁོར་ཡུག་དབེན་སར་བཅས། ཚེ་འདི་སྣང་རྐྱང་རྐྱང་གི་བྲན་དུ་བསྡད་ན་ཕན་ཐོགས་མེད་པའི་ཚུལ་རྣམས་མཛུབ་མོར་བཀུགས་ཏེ་བསམ་བློས་དཔྱད་ན། ཚད་ལྡན་གྱི་མི་ཚེ་སྐྱེལ་འདོད་དང་དེས་ནང་སེམས་ལྟོས་འཇོག་གིས་དུལ་བའི་འགོ་བཙུགས། དེ་ལ་ཞི་གནས་ཀྱི་སེམས་དགུས་སྦྱོང་བརྡར་སྤྲད་ན། སྐྱེ་བ་སྔོན་མ་དྲན་པ། མ་འོངས་པར་གང་ཡོང་རྟོགས་མཁན་གྱི་སྔོན་ཤེས་ཅན་ཧ་ཅང་མང་པོ་བྱུང་ཡོད་པ། དཔེར་ན། རྡ་སའི་རི་ཁྲོད་དུ་བཞུགས་པའི་མཚམས་པ་ཚོའི་གྲས་ནའང་མང་པོ་ཐོན་ཡོད། ཞི་གནས་ཙམ་ཐོབ་པ་ལ་ནང་པའི་ངོས་ནས་སྐྱེས་བུ་འབྲིང་གི་ཐོབ་བྱར་གྱུར་པའི་ཐར་བ་ཐོབ་པའི་ཆ་འཇོག་དང་ཆེ་མཐོང་ཡང་མི་གནང་ནའང། རང་ཅག་ལས་དང་པོ་བ་རྣམས་ལ་མཚོན་ན་དེ་ནི་བློ་ཡིད་ལས་འདས་པ་ཞིག་རེད། འོ་ན། ༸རྒྱལ་བ་རིན་པོ་ཆེས་རྒྱུན་གྱི་ཉམས་བཞེས་སོགས་ཀྱིས་ད་ལྟ་ས་གང་བར་དུ་སླེབས་ཡོད་མེད་ཚིག་ཐག་བཅད་ནས་སུས་ཀྱང་ཞུ་དཀའ། སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་མཁན་ཁེངས་བསྡད་ཡོད་ཅིང་། ༸རྒྱལ་བ་རང་ངོས་ནས་ཀྱང་རང་ཅག་གི་ཆེད་དུ་དམིགས་ཏེ། རྒྱལ་བ་ཤཱཀྱ་ཐུབ་པའི་ཞལ་གཟིགས་བྱུང་བ། ཚེ་འདིར་སྦྱོར་ལམ་ཐོབ་ས་རེད་སྙམ་གྱི་འདུག་གསུངས་པ། ཡོངས་འཛིན་གླིང་རིན་པོ་ཆེས་དགུང་ན་ཆུང་དུས་ནས་ནམ་མཁའི་རྣལ་འབྱོར་ཐོབ་འདུག་གསུངས་པ་སོགས་མཐའ་ཡས་པ་དགོངས་གཞི་ཅན་གྱི་བཀའ་སློབ་རྣམས་ལ་མཇལ་ན། ནང་ཆོས་སྦྱངས་མ་མྱོང་བའི་ཤེས་ལྡན་པ་དང་། བོད་མི་དཀྱུས་མ་ཞིག་ཡིན་ནའང་། རང་ངོས་ལ་རང་ཚོད་ཀྱི་གོ་བ་གཏིང་ཟབ་པོ་ལོན་ཡོད་པ་འདིས། གཅིག་གྲགས་སུ་༸རྒྱལ་བ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན། ཀུན་ལ་མཐོང་ཆོས་སུ་ཡོད་པ་འདི་དག་ལ་གཞིགས་ནའང་མི་ཕལ་བ་ཞིག་མིན་པ་ཞེན་ཁོག་ཙམ་མིན་པར་རིགས་ལམ་ནས་ར་འཕྲོད་གསལ་བོ་བྱུང་ཡོད། དེ་ལ་རང་རང་གི་རྣམ་དཔྱོད་ལ་དཔག་པའི་རྒྱུ་མཚན་ཆེ་ཆུང་གཏིང་ཟབ་ལོད་སྣ་ཚོགས་ཡོད་ཀྱང་། མི་ཕལ་བ་དང་མི་འདྲ་བ། བླ་མ་གཞན་སུ་གང་དང་མི་འདྲ་བའི་ཁྱད་ཡོན་བསམ་བརྗོད་ལས་འདས་པ་ཞིག་ཡོད་པ་ནི་ཆོས་དད་ཡོད་མེད་ཚང་མས་མཇལ།
གསུམ། ཉེ་སྔོན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གཏམ་བཤད་ཅིག་ཏུ། ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་གྱིས་ལོ་རྒྱུས་ཀྱི་ཛ་དྲག་གནས་བབ་དང་སྦྲེལ་ནས། སྐུ་གོང་མ་༸རྒྱལ་བ་བཅུ་གསུམ་པའི་སྐུ་ཚེའི་ཚད་དང་། ༸རྒྱལ་མཆོག་བཅུ་བཞི་པ་འདི་བ་སྐུ་ཚེ་རིང་དུ་བཞུགས་ངེས་པ། བཞུགས་རྒྱུའི་ཞལ་བཞེས་ཡོད་པ། བཞུགས་བཞིན་པ་འདི་རྣམས་འཆར་གཞི་བཀོད་པ་ལྟར་ཕེབས་ཀྱི་ཡོད་པ་ལས། སྟབས་ལེགས་སྟས་དབང་མིན་པ་རིགས་པ་དང་དངོས་བྱུང་སྦྲགས་མའི་གོ་བ་ལེན་ཚུལ་ཞིག་གསུངས་སོང་། དེ་ཡང་ཧ་ཅང་རྒྱུ་མཚན་ལྡན་པར་མཐོང་། བོད་མི་དཀྱུས་མ་ཚོས་དེའི་བར་དུ་སྙོབས་ཐུབ་པའི་ངོ་མཚར་དངོས་བྱུང་གི་དཔྱད་གཞི་ཐུན་སྣང་དུ་ཡོད་པ་འདི་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན།
བཞི། ༸རྒྱལ་བ་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ཡིན་མིན་ལ་ཁོང་གི་བཀའ་ཆོས་མཇལ་མྱོང་བ། ཁོང་གི་མཛད་འཕྲིན་ལ་མཇལ་མྱོང་བ་ཞིག་ཡིན་ན་དྭོགས་པ་ཡོང་སའི་གཞི་མེད། ཡིན་ནའང་། ང་དང་ང་ལྟ་བུ་གདུལ་བྱ་ཡོན་ཏན་ཧ་ཅང་དམན་པ་དག་ལ། ༸རྒྱལ་བ་རིན་པོ་ཆེ་བྱང་ཆུབ་སེམས་དཔའི་ས་གང་དུ་བཞུགས་ཡོད་མེད་ཤེས་རྒྱུའི་ནུས་པ་མེད་ཀྱང། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་གང་ཞིག་ཡིན་མིན་ཤེས་པ་ལ། ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ངོས་ཟིན་ཕྲན་བུ་དགོས་ལ། དེ་ཡོད་མཁན་མང་ན་བོད་སྤྱིའི་བསོད་ནམས་འཕེལ། དད་པ་ནི་བྱང་ཆུབ་སེམས་དཔའ་ལས་ལྷག་པའི་སངས་རྒྱས་དངོས་སུ་རང་གི་བློ་ཚོད་ལྟར་ངོས་འཛིན་བརྟན་པོ་བྱེད། བོད་མི་མང་ཆེ་བ་དེ་ལྟར་ཡིན། དེས་ན། སྤྱོད་འཇུག་ཏུ་བྱང་ཆུབ་ཀྱི་སེམས་ནི་འགྲོ་བའི་འཆི་བདག་འཇོམས་བྱེད་ཡིན་པ་ཚིག་རིས་ཚུན་དུ་གསལ་བོར་གསུངས། གཏན་དུ་འཆི་བདག་འཇོམས་པར་བྱེད་པ་དང་། གནས་སྐབས་རིང་འཚོའི་ཆེད་འཆི་བདག་འཇོམས་པ་གཉིས་ཀྱང་མི་འདྲ། སེམས་སྐྱིད་ན། སེམས་བཟང་ན། ན་ཚ་ཉུང་ཞིང་། སྲོག་རླུང་མེད་པ། གྲོགས་འཁོར་ཕན་གྲོགས་བྱེད་མཁན་མང་བ་སྒྲུབ་བྱེད་མི་དགོས་པ་མངོན་གྱུར་ཡིན། བྱང་ཆུབ་སེམས་དཔའི་བསླབ་བྱའམ་བློ་སྦྱོང་སྙིང་སྟོབས་རྨད་དུ་བྱུང་བ་དེ་རང་གི་བློ་དང་འཕྲད་ན། སེམས་ནང་གི་ཁོང་ཁྲོ་འཇོམས། གཞན་སེམས་ཅན་ལ་ཉེ་རིང་ཆགས་སྡང་མི་བྱེད་པའི་བློའི་ནུས་པ་ཧ་ཅང་ཆེན་པོ་ཞིག དུས་ཡུན་ཐུང་ངུ་ལོ་ཟླ་འགའ་ཙམ་མིན་པར། མི་ལོ་བཅུ་ཕྲག་སྟེང་བཅུ་ཕྲག་བརྩེགས་ཏེ་ཉམས་སུ་བླངས། བསམ་བློ་བཏང་། ལུས་ངག་ཡིད་གསུམ་དེའི་དབང་དུ་བཏང་སྟེ་མི་ཚེ་བསྐྱལ་མཁན་ཞིག་ལ་སྐུ་ཚེ་ཅི་ལ་མི་རིང་། ཐ་ན་མཐོང་ན་མི་མཐུན་པ་མེད་པའི་སྐུ་གཟུགས་ཀྱི་ཐུན་མིན་མཛེས་ཉམས་ཀུན་གྱི་སྣང་ངོར་མ་འདྲ་བ་ཞིག་ཏུ་མཇལ་བ་འདི་ཡང་། ཉིན་ཞག་ལྟོ་རྒྱབ་ཙམ་ལ་ནར་གཏོང་བྱེད་མཁན་བདག་ལྟ་བུ་དག་གིས་ཚད་འཇལ་ག་ལ་ཐུབ། ཟབ་ཁྱད་ཅི་ལྟར་འཇལ། འཇལ་རྒྱུའི་ནུས་པ་ག་ནས་རྙེད།
ལྔ། “ས་བརྒྱད་པ་ཡན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། གཞན་རྗེས་སུ་འཛིན་པའི་དབང་བཅུ་ལ་མངའ་བརྙེས་པ་ཡིན་ཏེ། ཚེ་ལ་དབང་བ་དང། དེ་བཞིན་དུ་སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བའོ།། དེ་ལ་ཚེ་ལ་དབང་བ་ནི་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པར་ནུས་པའོ།། སེམས་ལ་དབང་བ་ནི་བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ནུས་པའོ།། ཡོ་བྱད་ལ་དབང་བ་ནི། སེམས་ཅན་རྣམས་ལ་ཡོ་བྱད་རིན་པོ་ཆེ་དཔག་ཏུ་མེད་པའི་ཆར་འབེབས་ནུས་པའོ།། ལས་ལ་དབང་ནི། ཁམས་དང་། ས་དང་། འགྲོ་བ་དང་། སྐྱེ་གནས་དང་། གནས་སྐབས་གཞན་དུ་མྱོང་བར་འགྱུར་བའི་ལས་རྣམས་གཞན་དུ་སྦྱོར་ནུས་པའོ།། སྐྱེ་བ་ལ་དབང་ནི་བསམ་གཏན་ལ་གནས་ཤིང་ཡོངས་སུ་མ་ཉམས་བཞིན་དུ། འདོད་པའི་ཁམས་སུ་སྐྱེ་བར་ནུས་ལ། དེར་སྐྱེས་ནས་ཀྱང་དེའི་ཉེས་པས་མི་གོས་པའོ།། མོས་པ་ལ་དབང་བ་ནི་ས་ལ་སོགས་པ་ཆུ་ལ་སོགས་པར་མོས་ནའང་བསྒྱུར་ནུས་པའོ།། སྨོན་ལམ་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་འདེབས་ཤིང་། དེ་མངོན་པར་འགྲུབ་པའོ།། རྫུ་འཕྲུལ་ལ་དབང་བ་ནི་སེམས་ཅན་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་སྟོན་ནུས་པའོ།། ཡེ་ཤེས་ལ་དབང་བ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་རབ་ཀྱི་མཐར་ཕྱིན་པར་མཁྱེན་པའོ།། ཆོས་ལ་དབང་བ་ནི་ཅི་རིགས་པར་ཅི་ཙམ་དུ་སེམས་ཅན་ཐམས་ཅད་ལ། མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་དང་གཞན་དག་གིས་མདོ་ལ་སོགས་པའི་ཆོས་རྣམ་པར་བཞག་ནས། ཅིག་ཅར་གསུང་གཅིག་གིས་སོ་སོའི་སྐད་དང་མཐུན་པར་སེམས་ཡོངས་སུ་ཚིམ་པར་བྱེད་ནུའོ།།” ཞེས་གསུངས་པ་འདིས་བྱང་ཆུབ་སེམས་དཔའི་ཡོན་ཏན་གསལ་བོར་བསྟན་ཡོད་ལ། ཚེ་ལ་དབང་བས་ཚེ་ཅི་ཙམ་རིང་དུ་གནས་བསམ་པ་དེ་སྲིད་དུ་གནས་ཐུབ་པ། གནས་པ་ཞིག་བྱུང་ཟིན་པ། གནས་ཐུབ་པའི་ཡོན་ཏན་ཐོབ་ནས་སྐད་ཆ་འདི་བྱུང་བ་མ་གཏོགས། ཚོད་དཔག་གིས་བྲིས་པ་ནི་ག་ལ་ཡིན།
དྲུག བསམ་བཞིན་དུ་སྲིད་པ་བཟུང་བའི་སྐྱེས་བུ་ནི་གྲངས་ལས་འདས་པ་བྱུང་ཟིན་ལ། དེའི་ལུས་ཀྱི་རྣམ་པའམ་སྐྱེ་གནས་ཀྱང་མཐོ་དམའ་དྲག་ཞན་སྣ་ཚོགས་སུ་ཡོད་པ་མདོ་རྒྱུད་མང་པོ་ནས་གསུངས་ཡོད། དེ་བཟུང་བའི་སྐབས་སུ་སྐྱེ་གནས་དེ་དང་དེའི་གྲས་སུ་ཁ་མཉམ་ལག་མཉམ་དུ་ཕེབས་རྒྱུ་ལས། སྐྱེ་མ་ཐག་ནས་འོད་ཟེར་འཕྲོ་བ། ཡོན་ཏན་སློབ་མི་དགོས་པར་མཁྱེན་པ་ལྟ་བུའི་ཚུལ་མི་མཛད་པས། ཕལ་བའི་རྣམ་པར་མཇལ་བའི་རང་གི་ལྟ་བྱེད་ཀྱི་མིག་དང་བསམ་བྱེད་ཀྱི་བློ་ལ་ཅི་ཙམ་ཡིད་ཆེས་བྱ་གཞི་ཡོད་མེད་ཀྱང་བསམ་བློ་གཏོང་དགོས། དགེ་ཆོས་ཀྱིས། སྐྱེས་མ་ཐག་ནས་རྒས་ཤིང་འཁོགས་པའི་བར།། སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེ་གྱུར་པ།། རང་གི་མྱོང་བས་དཔྱད་ན་ལེགས་གྲུབ་པས།། ད་ལྟའི་འཆར་སྒོ་འདི་ལ་ཡིད་རྟོན་ཅི།། ཞེས་གསུངས་པ་བཞིན། རང་བློ་མ་གཅུན་པར། ལངས་ཤོར་གློད་གློད་པར་བཞག་ན། ཉི་མ་གཅིག་དང་ཆུ་ཚོད་གཅིག་གི་རིང་ལའང་མི་དྲན་དགུ་དྲན། མི་བསམ་དགུ་བསམ། འདི་ཡིན་དེ་མིན་ཟེར་པའི་གཏོད་སོ་ཞིག་མེད་པ། རྒྱུན་གྱི་མ་ཞི་བའི་བློ་ངན་འདིའི་རང་གཤིས་ཡིན་པ་ཀུན་ལ་མངའ་གསལ་རེད། འདི་ལ་བཟོ་ལྟ་ཞིག་བཟོས་ན། རང་གི་ནང་གི་བདེ་བའི་མྱོང་བ་དང་། ཕྱིའི་མཐོང་ཚུལ་གང་ཅིར་འགྱུར་བ་ཡོང་བཞིན་པ་བརྟག་དཔྱད་བྱས་ན་ཤེས་པ་འདིས། བླ་མ་ཕལ་བར་མཇལ་སྟངས་འདི་རང་བློའི་ཤེས་ཚད་ན་མ་ལོངས་པ་ཡིན་པ་ཤེས་ཐུབ་པས། བསམ་བཞིན་སྲིད་པ་བཟུང་བའི་ཐབས་ཚུལ་གྱི་ནང་དོན་ཅུང་གཏིང་ཟབ་སར་ཉིན་ཞིག་མཇལ་ཐུབ་ངེས་ཀྱི་སེམས་ཤུགས་འཕར་སྲིད་པས། ད་ལྟའི་བློ་ཡི་གནས་བབ་ལ་དེ་ཙམ་ཨ་འཐས་ཡིད་ཆེས་བྱེད་རིན་མེད་པ་ཤེས་ལ། གནས་ཚུལ་གང་ལའང་རང་གི་ལྟ་སྟངས་ཡང་དག་པ་ཞིག་རྙེད་རྒྱུ་གཞི་ནས་མགོ་འཛུགས་དགོས་པའང་ཤེས་ཐུབ། བསམ་ཕྱོགས་དེས་༸རྒྱལ་བས་དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་བཀའ་ལའང་ཚད་ལོངས་པའི་གོ་བ་ལེན་ཕྱོགས་སམ། ཡང་དག་པར་མཇལ་སྟངས་ཤིག་རྙེད་དགོས་པའི་སྐུལ་མ་རང་ཤུགས་ཀྱིས་ཐེབས་ངེས།
ད་བར་བཙན་བྱོལ་སྤྱི་ཚོགས་ནང་༸རྒྱལ་བའི་མཛད་རྣམ་བཤད་འབྲི་སྒྲོག་འགྲེམས་སོགས་ཀྱི་བགྱི་བར་ཞུགས་མཁན་མགོ་སྲིད་སྐྱོང་ནས་དམའ་ངའི་བར་མང་པོ་བྱུང་ཡོད་ནའང་། བརྒྱ་ཆ་གོ་དགུ་དང་ཚེགས་དགུ་བཅུ་ཡིག་ཆ་ཞིག་ལ་བརྟེན་དགོས་པ་ཞེ་གཅིག་རེད། ༸རྒྱལ་བ་རིན་པོ་ཆེ་རང་གི་བློ་ངོར་འཁྲུངས་བར་བྱེད་པའི་སྒོ་ཉག་ཅིག་ནི། ༸རྒྱལ་བའི་མཛད་རྣམ་ལ་བློ་ཐོག་ནས་ཡང་བསྐོར་བསྐྱར་སྐོར་གྱིས་བློ་དེའི་ངོ་བོར་བསྒྱུར་ཏེ་འགྱུར་དགོས་པ་དེ་རེད། བདག་གི་བླ་མ་བདག་ཉིད་ཆེན་པོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་ཞལ་སྔ་ནས་༸རྒྱལ་བའི་མཛད་རྣམ་ཆུ་བཞུར་བ་ལྟར་གསུངས་ལ། རྒྱས་འབྲིང་བསྡུས་གསུམ་གང་འདྲ་ཞིག་གསུངས་དགོས་ཀྱང་དབང་འབྱོར་བ་ཞིག་རེད། རྟག་ཏུ་༸རྒྱལ་བའི་དགོངས་གཞི་ཁག་གི་སྐོར་གསུང་བཤད་གནང་སྐབས་མཛད་རྣམ་ལ་བློ་སྦྱངས་ཏེ་གསུངས་ཀྱི་ཡོད་པ་ཚོར་ཐུབ། དེའི་ཕྱིར་༸རྒྱལ་བ་རིན་པོ་ཆེས་དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་ཞལ་བཞེས་སྔ་རྗེས་ཐོབ་པ་འདི་ལ་ཡང་ནས་ཡང་དུ་བསམས་ན། གཞན་དྲིང་མི་དགོས་པ། ངེས་པ་བདེ་ལྷོད་ལྷོད་དུ་རྙེད་པ། སེམས་ལ་བློ་སྤོབས་ཟད་མི་ཤེས་པ་སྐྱེ་གཞི་ཞིག་ཏུ་ཅི་ལ་མི་འགྱུར། བློ་དེས་ནི་དེ་བས་ཀྱང་རང་གི་སྒོ་གསུམ་གྱི་སྤྱོད་པ་༸རྒྱལ་བའི་བཀའ་དགོངས་དང་མི་འགལ་བ་སྤྱི་དང་། བྱེ་བྲག་བསྟན་སྲིད་ཉག་ཕྲའི་གནས་བབ་འདིར་ཁོང་གི་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་བཞེད་དོན་འདི་འགྲུབ་ཆེད། རང་ངོས་ནས་སྡིག་ལ་འཛེམ་ཞིང་དགེ་ལ་འབད་པས་མཚོན། བབ་འོས་ལས་དོན་སྲིད་སྐྱོང་གི་ཐུགས་འགན་ནས་ཆུང་བ་རང་གི་ཁྱིམ་ཚང་སྐྱོང་ཐབས་ཡན་ཆད་ཚད་དང་ལྡན་པའི་ལམ་ཁ་ཞིག་གིས་བསྒྲུབ་ངེས་པ་རང་བཞིན་གྱིས་གཏན་འཁེལ་བས། བོད་མི་སོ་སོ་དེ་ལྟའི་བསམ་བློ་འཁོར་ཐུབ་ན། སྤྱི་མཐུན་བསོད་ནམས་འཕེལ་ཞིང་། འདྲེན་པའི་ལྕགས་ཀྱུར་དད་པའི་ཨ་ལོང་ཡང་ཚད་ལོངས་པ་ཞིག་ཡོད་པར་གྱུར་པ་ཡིན།
༸རྒྱལ་བ་རིན་པོ་ཆེས་ལོ་ ༡༣༠ སྐོར་བཞུགས་རྒྱུའི་ཞལ་བཞེས་གནང་གི་ཡོད་པ་འདི་ཐུགས་གདེང་རྒྱུ་མཚན་སྦྲགས་མའི་ལམ་ནས་ཕེབས་ཀྱི་ཡོད་སྟབས། ཞིབ་ཏུ་བསམ་ན་ངོ་མཚར་དངོས་བྱུང་། བསམ་བརྗོད་ལས་འདས་པ། རང་གི་གདུལ་བྱར་གྱུར་པ་རྣམས་ལ་གཟིགས་པ་དུས་ལས་མི་གཡོལ་བའི་མཛད་རྣམ་བདག་གིར་བཞེས་ཀྱི་ཡོད་པ་མཇལ་ཐུབ།
དེས་ན་བོད་མི་ཚོས་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་དཀྱིལ་འཁོར་དུ་ཡང་དག་པ་ཚུད་པར་བྱེད་པ་ལ་ཁོང་གི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རེ་རེར་བསམ་བློ་བཏང་སྟེ། ངེས་པ་རྙེད་པའི་སྒོ་ནས་བླ་མ་དང་འབྲལ་མེད་ཐག་ཉེར་གཏོང་བ་ལས། རྟག་ཏུ་༸རྒྱལ་བ་རིན་པོ་ཆེ་རང་གི་ཡིད་དུ་རང་དོན་ལ་བསམ་བློ་བཏང་བ་ལྟར་ལོན་གྱི་མེད་ན་དཀའ་ལས་ཁག་པོར་གྱུར་ཡོད་པས། གོ་སྐབས་བཟང་པོ་དམ་འཛིན་གནང་གལ་ཆེ་ལ། རྒྱུ་མཚན་རིགས་པ་འདྲ་མིན་ནས་བསམ་བློ་གཏོང་སྟངས་ལ་གོམས་པ་ལྷུར་བླངས་ན། བོད་སྤྱིའི་སྤྱི་མཐུན་བསོད་ནམས་འཕེལ་ཞིང་། རྣམ་དཔྱོད་གཞན་འགྲན་མེད་པ་ཆགས་ཤིང་། དེ་དག་གི་མཐུ་ལས་བོད་དོན་བདེན་མཐའ་གསལ་བའི་མཐུན་རྐྱེན་རྒྱ་ཆེར་འགྲུབ་བཞིན་པ་ཡིན་ངེས་སྙམ་པ་བཅས་སོ།། །། ༢༠༢༥ ཟླ་ ༡༢ ཚེས་ ༡༧ ཉིན།
འབྲེལ་ཡོད་བརྙན་གྱི་འབྲེལ་ཐག https://www.youtube.com/watch?v=VdhA1r2H608





