རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་ཚོགས་འདུའི་ཁྲོད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མུ་མཐུད་དུ་གནས་པར་ནང་པའི་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ཕྱག་ལས་གནང་དགོས་པའི་ཚོར་བ་ཡོང་གི་ཡོད་འདུག་ཅེས་བརྗོད་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་སླད། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ཉིན་གྲངས་གསུམ་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་དུ། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡ་ཚན་པ། སིངྒ་པུར་རྒྱལ་སྤྱིའི་བོད་ཀྱི་ནང་ཚོགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་པོ་དབང་ཕྱུག་རྡོ་རྗེ་ནེ་གཱི་ལགས་དང་། ཤྲི་ལང་ཀའི་པ་ལི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་(Homagama Dhammananda Nayaka Thero)ལགས། རྒྱ་གར་བྱང་ཆུབ་ཆེན་མོའི་ཆོས་ཚོགས་ཀྱི་དྲུང་ཆེ་ཟུར་པ་མ་ཧཱ་ཐེ་རོ་རེ་ཝ་ཏ་བྷན་ཏེ་ (Mahathero Revata Bhante) ལགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁེ་མཱ་ཅཱ་རཱ་བྷི་ཁུ་ (Khemachara Bhikkhu)ལགས། དེ་བཞིན་བོད་དང་། ཐའེ་ལན་ཌི། ཤྲི་ལིང་ཀ། འབར་མ། ལའོ་སི། འབར་མ། ཁཱམ་བྷོ་ཌི་ཡ་བཅས་ཀྱི་དགེ་འདུན་པ་གྲངས་ ༧༠ ལྷག་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་བགྲོ་གླེང་གི་སྐོར་ལ་འབུམ་རམས་པ་བསྟན་འཛིན་ཉི་མ་ལགས་ཀྱིས་འདི་གའི་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པར་སྔོན་མ་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་རྣམས་ཀྱིས་ཤྲི་ལང་ཀ་སོགས་ཀྱི་དགེ་འདུན་པ་དང་མཉམ་དུ་འབྲེལ་ལམ་འཛུགས་དགོས་པ་གལ་ཆེན་པོ་གཟིགས་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ནས་ང་ཚོ་ཚང་མ་ནང་པའི་རྒྱལ་ཁབ་ཆགས་ཡོད་ཀྱང་། ལྟ་གྲུབ་ཆེ་ཆུང་མི་མཐུན་པ་ཡོད་པའི་དབང་གིས་ཅུང་ཙམ་ཐག་རིང་པོ་བསྡད་པ་ཡག་པོ་མི་འདུག་ཞེས་ཡང་ཡང་གསུངས་ཡོད་པ་བཞིན། ང་ཚོས་ཀྱང་གལ་ཆེན་པོའི་ཐོག་ནས་བགྲོ་གླེང་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་སྐབས་པཱ་ལི་གཞུང་འཛིན་པའི་དགེ་འདུན་པ་ཞིག་གིས་སྔོན་མ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་རྣམས་དཀྲོག་དཀྲོག་ཚ་བོ་མཐོང་གི་ཡོད་ཀྱང་། དངོས་སུ་མཉམ་དུ་གཤིབ་དུས་བོད་ཀྱི་གདན་ས་ཁག་གི་དགེ་འདུན་པའི་འདུལ་བའི་ཁྲིམས་དྲི་མ་མེད་པ་གནང་གི་ཡོད་པ་ཤེས་རྟོགས་ཡོང་གི་འདུག་ཞེས་བརྗོད་བྱུང་། དེ་ནི་ང་ཚོ་མཉམ་དུ་འཛོམས་ཏེ་བགྲོ་གླེང་བྱས་པར་སྤྱིར་ནང་པའི་བསྟན་པ་དང་སྒོས་སུ་ནང་པའི་ནང་ཁུལ་དུ་གོ་བ་ལོགས་བཞིན་ཡོད་པ་ཤེས་རྟོགས་ཡག་པོ་ཡོང་བར་ཕན་ཐོགས་ཆེན་པོ་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཁོང་གིས། ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་འདུལ་བའི་སྐོར་ལ་བགྲོ་གླེང་བྱས་ཡོད་ལ། དེ་ཡང་པཱ་ལི་གཞུང་དང་ལེགས་སྦྱར་གཞུང་གཉིས་བོད་སྐད་ཐོག་བསྒྱུར་བའི་བརྒྱུད་རིམ་གསལ་སྟོན་གནང་ཡོད་པ་རེད། པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་ཁྲོད་དགེ་འདུན་པ་རྣམས་ལ་ང་ཚོ་ཚང་མ་ནང་པ་གཅིག་ཡིན་པའི་འདུ་ཤེས་ཡོང་གི་ཡོད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མུ་མཐུད་དུ་གནས་པར་ནང་པའི་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ཕྱག་ལས་གནང་དགོས་པའི་ཚོར་བ་ཡོང་གི་ཡོད་འདུག ཐེངས་འདིའི་བགྲོ་གླེང་ནང་འདུལ་བའི་ཐོག་ཏུ་དམིགས་བསལ་བགྲོ་གླེང་བྱེད་བཞིན་ཡོད་དུས། འདུལ་བའི་གྲངས་ཀ་མང་ཉུང་གཙོ་བོ་མ་བརྩིས་པར་ཉམས་ལེན་གྱི་ཐོག་ཕན་ཚུན་བློ་བསྐྱེད་ལེན་དགོས་པའི་བསམ་ཚུལ་ཤུགས་ཆེན་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཐོག་དགོན་སྡེ་ལས་འདས་པའི་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲུབ་ཐབས་གླེང་བ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྲོལ་རྒྱུན་གྱི་བགྲོ་གླེང་གི་ཁྱབ་ཚད་གོང་མཐོར་གཏོང་ཐབས། འཛམ་གླིང་ཞི་བདེ་བསྐྲུན་ཐབས་སུ་དགོན་སྡེའི་ཤེས་ཡོན་གྱི་བྱེད་སྒོ། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས། ལེགས་སྦྱར་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་བདག་དང་སྟོང་པ་ཉིད་ཀྱི་གནད་དོན་གླེང་ཚུལ།པཱ་ལི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་བདག་དང་སྟོང་པ་ཉིད་ཀྱི་གནད་དོན་གླེང་ཚུལ། ལེགས་སྦྱར་དང་པཱ་ལི་སྐད་ནས་བོད་བསྒྱུར་གྱི་ཐབས་ཚུལ་གླེང་བ། འདུལ་བའི་གནད་དོན་འགའི་ཐོག་དཔྱད་གླེང༌། ཡུལ་ལུང་སོ་སོའི་དགེ་འདུན་གྱི་ཀུན་སྤྱོད་ཐད་གྲོས་བསྡུར་སོགས་ཀྱི་བརྗོད་གཞི་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།



