རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་ཞིག་གིས་སུད་སིར་གནས་སྡོད་བོད་མི་དབྱངས་ཅན་ལགས་རྒྱ་གར་གྱི་མི་སེར་ཡིན་པས། ཁོང་མོར་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

དེ་འབྲེལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༤ ལོར་སུད་སིར་གནས་སྡོད་བོད་མི་དབྱངས་ཅན་བྲག་དམར་རྒྱ་དཔོན་ཞུ་བ་ཞིག་གིས། རང་ཉིད་ཕྱི་ལོ་ ༡༩༦༦ ལོར་དྷ་རམ་ས་ལར་སྐྱེས་པའི་བོད་མི་ཞིག་ཡིན་པ་དང་རྒྱ་གར་གྱི་ཁྲིམས་ལུགས་ལྟར་ན། ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ནས་ ༡༩༨༧ ཟླ་ ༧ ཚེས་ ༡ བར་རྒྱ་གར་ནང་སྐྱེས་པའི་བོད་མི་ཚང་མར་རྒྱ་གར་མི་སེར་གྱི་ཐོབ་ཐང་རག་གི་ཡོད་པ་གཞིར་བཞག་སྟེ། རང་ཉིད་ལ་རྒྱ་གར་མི་སེར་གྱི་ཐོབ་ཐང་གི་འོག་ནས་ཕྱི་སྐྱོད་ལག་འཁྱེར་གནང་དགོས་སྐོར་རྒྱ་གར་དབུས་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཡོད་པ་ལྟར། ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་ཞིག་གིས་བོད་མི་དབྱངས་ཅན་བྲག་དམར་རྒྱ་དཔོན་ལགས་རྒྱ་གར་ནང་སྐྱེས་པའི་བོད་མི་ཡིན་པས་ཁྲིམས་ལུགས་གཞིར་བཟུང་ཁོང་མོར་ཕྱི་སྐྱོད་ལག་འཁྱེར་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག
དབྱངས་ཅན་བྲག་དམར་རྒྱ་དཔོན་ལགས་ཕྱི་ལོ་ ༢༠༡༤ ནས་བཟུང་སུད་སིར་གནས་སྤོ་བྱས་ཡོད་ཀྱང་། སུད་སིའི་ནང་ཡིག་ཆ་ཚད་ལྡན་མེད་པའི་ཐོག་ནས་དཀའ་ངལ་འཕྲད་ཡོད་འདུག་ལ། ཁོང་མོའི་བཟའ་ཟླས་རང་ཉིད་འདས་གྲོངས་སུ་ཕྱིན་རྗེས་རུས་ཐལ་རྒྱ་གར་དུ་འཁྱེར་དགོས་པའི་ཁ་ཆེམས་བཞག་ཡོད་པར་བརྟེན། ཁོང་མོས་རྒྱ་གར་དབུས་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་མི་སེར་ཐོབ་ཐང་གི་བཅའ་ཁྲིམས་དོན་ཚན་གསུམ་པའི་ ༣(༡) ནང་གསེས་ཀ་པའི་འོག་ནས་རྒྱ་གར་མི་སེར་གྱི་ཕྱི་སྐྱོད་ལག་འཁྱེར་ཞུས་ཡོད་འདུག
ཕྱི་ལོ་ ༡༩༥༥ ལོའི་རྒྱ་གར་མི་སེར་ཐོབ་ཐང་གི་བཅའ་ཁྲིམས་ནང་། ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༧ ཚེས་ ༡ ནང་ཚུད་དུ་རྒྱ་གར་ནང་སྐྱེས་པའི་མེ་སྒེར་དང་བོད་མི་སྐྱབས་བཅོལ་བའི་ཕྲུ་གུ་རྣམས་རྒྱ་གར་གྱི་མི་སེར་ཆགས་ཀྱི་ཡོད། ཅེས་གསལ་ཡོད་པ་ལྟར། ད་རེས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་གིས་གནད་དོན་དེ་བསྐྱར་ནན་དང་འབྲེལ་མི་སྒེར་དེ་དག་ལ་རྒྱ་གར་མི་སེར་ལག་འཁྱེར་ཐོབ་དགོས་སྐོར་བརྗོད་འདུག
གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས། བོད་མི་སྐྱབས་བཅོལ་བ་རྣམས་ལ་ཕྱི་སྐྱོད་ལག་འཁྱེར་ (Identity Certificates) སྤྲད་ཡོད། དབྱངས་ཅན་ལགས་ཀྱིས་ཀྱང་ (IC) བླངས་ནས་རང་ཉིད་ཀྱི་འདོད་བློ་ལྟར་རྒྱ་གར་གྱི་མི་སེར་ཐོབ་ཐང་དོར་བར་བརྩི་ཡི་ཡོད། རྒྱ་གར་མི་སེར་གྱི་ཐོབ་ཐང་དེ་ཐོ་འགོད་བྱེད་པའམ་ཡང་ན་ཉུང་མཐར་རྒྱ་གར་ནང་ལོ་ ༡༢ རིང་བསྡད་མྱོང་བ་དང་། ནག་ཉེས་མེད་པ། ཁྲིམས་འགལ་ཐོག་གནས་སྤོ་བྱས་པ་མ་ཡིན་པ་སོགས་ཀྱི་ཆ་རྐྱེན་འོག་ནས་ཐོབ་ཀྱི་ཡོད། ཅེས་དབྱངས་ཅན་ལགས་སུ་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སྤྲོད་པར་རྒྱབ་སྐྱོར་བྱས་མེད་པ་རེད།
ལྡི་ལིའི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ས་ཆིན་ (Sachin Datta) ལགས་ཀྱིས། དབྱངས་ཅན་ནི་རྒྱ་གར་ནང་སྐྱེས་པ་ཞིག་ཡིན་པས་རྒྱ་གར་མི་སེར་ཆགས་ཀྱི་ཡོད་ལ། རྒྱ་གར་མི་སེར་གྱི་ཐོབ་ཐང་ཡོད་པའི་ཁྲིམས་མཐུན་གྱི་དགོས་མཁོ་ཆ་ཚང་སྐོང་ཐུབ་པ་དང་། ཕྱི་སྐྱོད་ལག་འཁྱེར་ (IC) ཡོད་ན་རྒྱ་གར་མི་སེར་གྱི་ཐོབ་ཐང་དེ་རང་བཞིན་གྱིས་དོར་བ་ཞིག་ལ་ངོས་འཛིན་གྱི་མེད། ཅེས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ལངས་ཕྱོགས་ལ་དགག་པ་བརྒྱབ་འདུག་ལ། དེ་བཞིན། རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས། མི་སུ་ཞིག་ལ་རྒྱ་གར་མི་སེར་གྱི་ཐོབ་ཐང་དོར་འདོད་ཡོད་པ་ཁྲིམས་ལུགས་གཞིར་བཞག་ཐོག་གཞུང་འབྲེལ་གསལ་བསྒྲགས་སྤེལ་དགོས་ཀྱི་ཡོད་ཀྱང་། དབྱངས་ཅན་ལགས་ཀྱིས་གསལ་བསྒྲགས་གང་ཡང་སྤེལ་མེད་པ་མ་ཟད། རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ཡང་ཐོབ་མེད་པའི་རྐྱེན་གྱིས་ཁོང་མོར་རྒྱ་གར་མི་སེར་གྱི་ཐོབ་ཐང་ཐོབ་ཀྱི་ཡོད་ཅེས་བརྗོད་འདུག
ད་དུང་ཁྲིམས་ཁང་གིས། སུད་སིའི་གཞུང་གིས་དབྱངས་ཅན་ལགས་སུ་ཕྱི་རྒྱལ་གྱི་གནས་སྐབས་ཕྱི་སྐྱོད་ལག་འཁྱེར་ཞིག་སྤྲད་པ་དེས་མོར་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ཐོབ་པ་ཞིག་མིན་པ་ཁྲིམས་ཀྱིས་གསལ་པོ་བསྟན་ཡོད། ཅེས་བརྗོད་འདུག་ལ། ད་ལྟ་རྒྱ་གར་དབུས་མཐོ་རིམ་ཁྲིམས་ཁང་དེས་དབྱངས་ཅན་ལགས་སུ་རྒྱ་གར་གྱི་མི་སེར་ཐོབ་ཐང་དང་ཕྱི་སྐྱོད་ལག་འཁྱེར་སྤྲོད་དགོས་པའི་ཐག་གཅོད་བྱས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།





