བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཕ་ཡུལ་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་པ་ལས་འགྲོ་འདུག་གི་རང་དབང་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་སྐོར་ལ་གསལ་ཁ་གང་ཡང་མི་འདུག

འདི་གའི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་ཀྱི་ལོ་བདུན་གྱི་བཙོན་འཇུག་དུས་ཡུན་ཚང་སྟེ་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་པ་ལས། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་བདེ་ཐང་དང་འགྲོ་འདུག་ལ་རང་དབང་ཡོད་མེད་སོགས་ཀྱི་སྐོར་ལ་ཤེས་རྟོགས་གང་ཡང་ཐུབ་ཀྱི་མི་འདུག
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉག་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན་དང་རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་བྱེད་ས་ཞིག་ཏུ་གྱུར་རྗེས། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲས་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་ནས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུང་ཁྲན་ (东川) བཙོན་ཁང་ནས་ཀློད་གྲོལ་བཏང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་ཚོགས་དཀྲུག་རྐྱེན་བཟོས་མིང་འོག་ཨ་ཉག་སེང་སྒྲ་ལགས་བསྐྱར་དུ་འཛིན་བཟུང་བྱས། ཕྱི་ལོ་ ༢༠༡༨ ལོ་མཇུག་དང་ ༢༠༡༩ ལོ་མགོར་ཨ་ཉག་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་དང་ཁྲིམས་རྩོད་པ་ལིན་ཆི་ལི་སོགས་ཀྱིས་ཁྲིམས་གཏུག་རིམ་པ་བྱས་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༦ ཉིན་ཨ་ཉག་སེང་སྒྲ་ལགས་སུ་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞིར་གཏོར་བཤིག་བཏང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ལོ་ ༧ བཙོན་འཇུག་ཁྲིམས་ཆད་བཅད། འདས་ལོའི་ཕྱི་ཟླ་ ༩ ནང་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཡོད་ཀྱང་། རྒྱ་ནག་གིས་ཨ་ཉག་སེང་སྒྲས་བཙོན་ཁང་དུ་ཁྲིམས་འགལ་བྱས་ལུགས་ཀྱི་ནག་ཉེས་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༢ པའི་བར་དུ་ཀློད་གྲོལ་གཏོང་རྒྱུ་མིན་ལུགས་བརྗོད་ཡོད།
ད་ལྟ་རང་ལོ་ ༥༥ ཡིན་པའི་ཨ་ཉག་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་མི་ཡིན་པ་དང་། ཁོང་གིས་དམངས་དོན་གླེང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ། ས་གནས་སྲིད་གཞུང་གིས་གོང་རིམ་ནས་མི་མང་ལ་སྤྲད་པའི་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་བྱས་པ་དང་། ཁྲིམས་འགལ་ཐོག་གཏེར་ཁ་སྔོག་འདོན་བྱས་པ། དབྱེ་འབྱེད། ད་དུང་མི་རིགས་ཀྱི་བདེ་སྡུག་ལ་ལྟ་རྟོགས་མི་བྱེད་པ་དང་། ལྷག་པར་དུ་ས་གནས་ཀྱི་མི་དམངས་སྐྱོ་བོ་ཚོར་ལྟ་རྟོགས་མི་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐེར་འདོན་བྱས་ནས་རྫོང་དང་ཁུལ། ཞིང་ཆེན་རིམ་པར་ཞུ་གཏུག་བྱས་མྱོང་བ་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





