༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) མཆོག་ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཉི་ཧོང་གྲོས་ཚོགས་ནང་འོས་བསྡུས་བྱས་ཏེ། ཉི་ཧོང་གི་ལས་ཐོག་སྲིད་བློན་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) མཆོག་ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་ཡོད་པ་ལྟར། ཁ་སང་ཕྱི་ཟླ་ ༢ ཚེས་ ༩ ཉིན་གྱི་དགོང་མོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁོང་མོའི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ཁོང་མོས་མུ་མཐུད་ཉི་ཧོང་མི་མང་གི་རེ་བ་བསྐོང་ཐུབ་པ་མ་ཟད། འཛམ་གླིང་ཞི་བདེ་ཡོང་ཐབས་སུ་ཕྱག་ལས་གནང་དགོས་པའི་བསྐུལ་མ་མཛད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཁྱེད་ཀྱི་འཇོན་ཐང་ལྡན་པའི་དབུ་ཁྲིད་ལ་ཉི་ཧོང་མི་མང་གིས་ཡིད་ཆེས་གནང་བར་དགའ་སྤྲོ་ཆེན་པོ་བྱུང་། ང་ཚོའི་མདུན་དུ་འཛམ་གླིང་ནང་དཀའ་ངལ་རྙོག་འཛིང་མང་པོ་འཕྲད་བཞིན་པའི་སྐབས་འདིར། གཞན་གྱི་བདེ་དོན་ལ་སྙིང་རྗེ་དང་དོ་ཁུར་ཟབ་མོ་བཅངས་པའི་དབུ་ཁྲིད་ནི་ཧ་ཅང་གལ་ཆེ། ངོས་རང་གིས་ཁྱེད་ཀྱི་འོས་འདེམས་འདིས་མི་མང་པོར་སེམས་ཤུགས་སྤྲད་པ་དང་། འགྲོ་བ་མི་རྣམས་མཉམ་རུབ་དང་ཞི་བདེའི་སྤྱི་ཚོགས་ཤིག་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཅེས་གསུངས་འདུག
ཡང་མགོན་པོ་གང་ཉིད་ཀྱིས། ཁྱེད་ཀྱིས་ཉི་ཧོང་མི་མང་གི་རེ་བ་བསྐོང་བར་དབུ་ཁྲིད་ཀྱི་འགན་འཁུར་མུ་མཐུད་བཞེས་པ་དང་། འཛམ་གླིང་ཞི་བདེ་དང་སྙིང་རྗེ་ལྡན་པ་ཞིག་བསྐྲུན་པར་འབད་བརྩོན་གནང་བར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། ཞེས་ཐུགས་སྨོན་མཛད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་འཚམས་འདྲིའི་འཕྲིན་ཡིག་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁྱེད་རང་ཉེ་ཆར་གྱི་འོས་བསྡུ་བསྐྱར་དུ་བྱས་པའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། མང་མོས་ཀྱིས་ཁྱེད་ལ་མངའ་དབང་གནང་བར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདི་ནི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཡིན་པ་དང་། དེ་ནི་ཉི་ཧོང་མི་མང་གིས་ཁྱེད་ཀྱི་མགོ་ཁྲིད་ལ་ཡིད་ཆེས་ཟབ་མོ་བྱས་པ། ཁྱེད་ཀྱི་འཆར་སྣང་ལ་ཡིད་ཆེས་བརྟན་པོ་ཡོད་པ་གསལ་པོར་མཚོན་ཡོད། ཅེས་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་དེང་སྐབས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་བ་མང་ཤོས་དང་རྒྱབ་སྐྱོར་ཆེ་ཤོས་ཀྱི་གྲོས་ཚོགས་ཚོགས་པ་ཞིག་ཡིན། ང་ཚོས་ཁྱེད་ཀྱི་མགོ་ཁྲིད་ལ་གུས་བརྩི་ཆེན་པོ་བྱས་པའི་མུར། དམངས་གཙོའི་རིན་ཐང་ཆེད་ཁྱེད་ཀྱི་དྲང་བདེན་གྱི་རྒྱབ་སྐྱོར་དང་། རྒྱ་ནག་ཐོག་ཁྱེད་ཀྱི་ལངས་ཕྱོགས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད། བོད་ནང་གཞི་རྩའི་རང་དབང་ལ་རྒྱུན་མཐུད་ནས་རྡོག་རོལ་གཏོང་བའི་སྐོར་ཁྱེད་ཀྱི་བསྒྲགས་གཏམ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། གསུངས་འདུག
ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་ནི་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༧ ཉིན་ཉི་ཧོང་གི་ནཱ་རཱ་ཁུལ་ (Nara) དུ་ཡོད་པའི་ཡཱ་མ་ཏོ་ཀོ་རི་ཡཱ་མ་ (Yamatokōriyama) གྲོང་ཁྱེར་དུ་སྐྱེས་ཤིང་། ནཱ་རཱ་ཁུལ་གྱི་ཨུ་ནེ་བྷི་མཐོ་རིམ་སློབ་གྲྭ་ (Nara Prefectural Unebi High School) ནས་འབྲིང་རིམ་སློབ་སྦྱོང་བྱས་པ་དང་། ཀོ་བྷེ་གཙུག་ལག་སློབ་གཉེར་ཁང་ (Kobe University) ནས་ཚོང་རིག་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༨༩ ཟླ་ ༣ པའི་ནང་ཉི་ཧོང་གི་ཨ་ས་ཧི་རླུང་འཕྲིན་ཁང་ (TV Asahi) དུ་གསར་འགོད་པའི་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ནང་ཧྥུ་ཇི་རླུང་འཕྲིན་ཁང་ (Fuji Television) གི་མདོ་འཛིན་པའི་ལས་གནས་གཉེར། ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་ཉི་ཧོང་གི་གྲོས་ཚོགས་འོག་མའི་འཐུས་མི་དང་། ནང་སྲིད་དང་བརྡ་འཕྲིན་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༤ བར་དཔལ་འབྱོར་བདེ་འཇགས་བློན་ཆེན་གྱི་འགན་འཁུར་བཞེས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གུ་ཡངས་དམངས་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོར་བདམས། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༡ ཉིན་ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་ཐོག་མར་འོས་འདེམས་བྱུང་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།