ཨ་རིའི་ནང་འཛམ་གླིང་ཞི་བདེའི་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་པ་རྣམས་ཨ་རིའི་ཝིར་ཇི་ནི་ཡ་ས་གནས་སུ་འབྱོར་སྐབས་རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་དགོན་བདག་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གི་དབུས་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་ནང་འཛམ་གླིང་ཞི་བདེའི་གོམ་བགྲོད་གནང་མཁན་དགེ་འདུན་པ་རྣམས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འགྲམ་ཝིར་ཇི་ནི་ཡ་ས་གནས་སུ་འབྱོར་ཡོད་པ་དང་། སྐབས་དེར་མེ་རི་མོང་ཊི་གཙུག་ལག་སློབ་གཉེར་ཁང་(Marymount University)གི་དགེ་ལས་སློབ་ཕྲུག་དང་ས་གནས་མི་མང་སྟོང་ཕྲག་མང་པོས་ཕེབས་བསུ་ཞུས་ཡོད་པ་དང་། ས་གནས་སུ་ཡོད་པའི་རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་དགོན་བདག་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གི་དབུས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ལྷུན་གྲུབ་ལགས་སོགས་གཙོ་བོར་གྱུར་བའི་བོད་མི་རྣམས་ཀྱིས་ཀྱང་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་མ་ཟད། སང་ཉིན་ཝིར་ཇི་ནི་ཡའི་ས་གནས་བོད་རིགས་ཐུན་མོང་ཐོག་ནས་ནང་པའི་དགེ་འདུན་པ་རྣམས་ལ་ཞོགས་ཇ་འདེགས་འབུལ་ཞུ་རྒྱུ་དང་། གནངས་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཊི་སིའི་ལིན་ཁོན་དྲན་རྟེན་ཁང་(Lincoln Memorial)ནས་གྲོས་ཚོགས་ཀྱི་མདུན་ཐང་བར་གོམ་བགོད་གནང་རྗེས་ཐེངས་འདིའི་ཞི་བདེའི་གོམ་བགྲོད་ལེགས་པར་མཇུག་བསྡུས་བའི་མཛད་སྒོ་འཚོག་རྒྱུ་ཡིན་འདུག་ལ། སྐབས་དེར་ཤིང་བཟའ་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་གནང་བའི་གསུང་འཕྲིན་ཞིག་དགེ་འདུན་པ་རྣམས་ལ་འབུལ་འཆར་ཡོད་འདུག

ནང་པའི་དགེ་འདུན་པ་རྣམས་ཀྱི་ཞི་བདེའི་གོམ་བགྲོད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་ཊེག་སེ་སི་ (Texas) ནང་རྟེན་གཞི་བྱས་པའི་ཝེ་ཐི་ནམ་གྱི་ཧོང་དྷའོ་ནང་པའི་དགོན་པ་ (Huong Dao Buddhist Temple) ཡི་གོ་སྒྲིག་འོག ཊེག་སེ་སིའི་གྲོང་ཁྱེར་ཧྥོར་ཌི་ཝོར་ཐི་ (Fort Worth) ནས་ནང་པའི་དགེ་འདུན་པ་ ༡༩ ཡིས་ཨ་ལོ་ཀ་ (Aloka) ཟེར་བའི་ཁྱི་ཞིག་འཁྲིད་དེ་དངོས་སུ་མགོ་བརྩམས་ཏེ། ཨ་རིའི་ལྷོ་ཤར་གྱི་མངའ་སྡེ་ལུ་སི་ཡ་ན་(Louisiana) དང་། མི་སི་སི་པི། (Mississippi) ཨ་ལ་བྷ་མ་ (Alabama) དེ་བཞིན་ཇོར་ཇི་ཡ་(Georgia) སོགས་མངའ་སྡེ་ཁག་བརྒྱུད་ནས་ཕེབས་ཡོད་ཅིང་། དགེ་འདུན་པ་རྣམས་ཞོགས་པ་ཆུ་ཚོད་༦།༣༠ ཡར་ལངས་ཏེ་ཉིན་རེར་གོམ་བགྲོད་མ་ཨེ་ལ་སི་(miles)ཉི་ཤུ་ལྷག་བྱས་ཡོད། ཉིན་གྲངས་ ༡༡༢ རིང་ཁྱོན་མ་ཨེ་ལ་སི ༢༣༠༠ འམ་སྤྱི་ལེ་ ༣༧༠༠ གོམ་བགྲོད་བྱས་ཡོད་འདུག དེའི་ཁྲོད་ཊེག་སེ་སི་མངའ་སྡེ་ནང་ཉིན་གྲངས་ ༣༥ དང་། ལུ་སི་ཡ་ན་མངའ་སྡེ་ནང་ཉིན་གྲངས་ ༨ ། མི་སི་སི་པི་མངའ་སྡེ་ནང་ཉིན་གྲངས་ ༡༠ ། ཨ་ལ་བྷ་མ་མངའ་སྡེའི་ནང་ཉིན་གྲངས་ ༩ ། ཇོར་ཇི་ཡ་མངའ་སྡེའི་ནང་ཉིན་གྲངས་ ༡༡ ། ལྷོ་ཁཱ་རོ་ལི་ན་མངའ་སྡེའི་ནང་ཉིན་གྲངས་ ༨ ། བྱང་ཁཱ་རོ་ལི་ན་མངའ་སྡེའི་ནང་ཉིན་གྲངས་ ༡༤ ། ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཉིན་གྲངས་ ༡༣ ། རྒྱལ་ས་ཝ་ཤིང་ཊོན་ནང་ཉིན་གྲངས་ ༢ ། མེ་རེ་ལན་ཌི་མངའ་སྡེའི་ནང་ཉིན་གྲངས་གཅིག་བཅས་གོམ་བགྲོད་གནང་ཡོད་པ་རེད།
ཐེངས་འདིའི་ཞི་བདེའི་གོམ་བགྲོད་ནི་འཛམ་གླིང་ཡུལ་ལུང་མང་པོའི་ནང་དམག་འཁྲུག་འབྱུང་བཞིན་ཡོད་པའི་སྐབས་འདིར། བྱམས་སྙིང་རྗེ་དང་། ཞི་བདེ་བཅས་གོང་འཕེལ་དུ་གཏོང་བར་དམིགས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་གོམ་བགྲོད་དང་འབྲེལ་བའི་ཞི་བདེའི་ཆེད་དུ་གོམ་བགྲོད་ཅེས་པའི་ངོ་དེབ་ནང་དུ། ང་ཚོ་གཅིག་པོ་གོམ་བགྲོད་བྱེད་ཀྱི་མེད། སེམས་ལ་ཞི་བདེ་དང་བྱམས་བརྩེ། ཉིན་རེའི་འཚོ་བའི་ཁྲོད་ཞི་བདེ་གོང་འཕེལ་གཏོང་མཁན་དང་མཉམ་དུ་གོམ་བགྲོད་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། ཁོང་རྣམས་ལ་ཨ་རིའི་མི་མང་སྟོང་ཕྲག་མང་པོས་ལམ་བར་ནས་ཕེབས་བསུ་ཞུས་ཏེ་དོ་སྣང་ཆེན་པོ་བྱུང་ཡོད་འདུག ལྷག་པར་དུ་ཁོང་རྣམ་པས་འཁྲིད་པའི་རྒྱ་གར་གྱི་ཨ་ལོ་ཀ་ཞེས་པའི་ཁྱི་དེའི་ཞི་འཇགས་དང་བརྩེ་སེམས་མཐོང་སྐབས་མི་རྣམས་ཀྱིས་དགའ་མོས་ཆེན་པོ་ཐོབ་ཡོད་འདུག ཞི་བདེའི་གོམ་བགྲོད་སྐབས་དགེ་འདུན་པ་གཉིས་ལ་རླངས་འཁོར་གྱིས་བརྡུངས་ཏེ་དགེ་འདུན་པ་གཅིག་གི་རྐང་པ་གཏུབ་དགོས་བྱུང་བ་དང་། དེ་བཞིན་ཨ་ལོ་ཀ་ལའང་སྨན་བཅོས་བྱེད་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་ཀྱང་མུ་མཐུད་དུ་གོམ་བགྲོད་གནང་སྟེ་ལེགས་པར་འགྲུབ་ཀྱི་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





