བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལྟར་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་སྟེ་དངོས་གཞིའི་འོས་བསྡུ་བྱ་མ་དགོས་པར་ཐད་ཀར་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་སྤེལ་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁུངས་ཀྱིས། ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྐབས་དེར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་དགོས་པ་ལྟར། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་སྟབས། སྲིད་སྐྱོང་ལ་འདེམས་ཐོན་བྱུང་གསལ་བསྒྲགས་གནང་སོང་།
དེ་འབྲེལ་འོས་བསྡུ་ལས་ཁུངས་ཀྱི་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༣ (ཀ) པའི་ནང་། ”འོས་གཞི་གཏན་འབེབས་ གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༢༠ ནང་ཚུན་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས་”ཞེས་པའི་དགོངས་དོན་ལྟར་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་འོས་དམིགས་དྲུག་གཏན་འབེབས་ཞུ་དགོས་པ་དེ་ལྟར་ཡང་། དོན་ཚན་ ༦༧ པའི་ནང་གསེས་ ༤ ནང་གསལ་ “་་་འོན་ཀྱང་སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་ འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ།”ཞེས་གསལ་བ་ལྟར་འདི་ལོའི་སྔོན་འགྲོའི་འོས་བསྡུའི་ནང་སྲིད་སྐྱོང་འོས་མི་ལས་ཐོག་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་སྟབས་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་འོས་འཕེན་པ་མི་གྲངས་ ༥༡༡༤༠ ནས་སྲིད་སྐྱོང་གི་འོས་མི་གྲངས་ ༡༠༣ ལ་འོས་འཕངས་ཡོད་ཅིང་། འོས་བསྡུ་ལས་ཁུངས་ཀྱིས་འོས་མིའི་ཁོངས་ནས་འོས་གྲངས་མཐོ་ཤོས་ཀྱི་འོས་མི་གསུམ་གྱི་གྲུབ་འབྲས་གསལ་བསྒྲགས་གནང་སོང་། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡༣༢༥ དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༡༧༨༤༣ ། དེ་བཞིན། འོས་མི་ཚེ་རིང་ཕུན་ཚོགས་ལགས་སུ་འོས་གྲངས་ ༡༥༩ བཅས་ཐོབ་འདུག
གཞན་ཡང་། འོས་བསྡུ་ལས་ཁུངས་ཀྱིས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁོངས་ཐོབ་ཁུངས་སོ་སོའི་འོས་ཐོབ་རྩེ་བཏེགས་ཆོལ་ཁ་རེ་ནས་འོས་གཞི་ ༣ རེ་དང་། ཆོས་ལུགས་ཁག་ལྔ་དང་། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཧྥེ་རི་ཁ་བཅས་ནས་འོས་གཞི་གྲངས་ ༦ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁོངས་ནས་འོས་གཞི་གྲངས་ ༣ བཅས་གསལ་བསྒྲགས་ཞུས་སོང་།
ཡང་འོས་མི་རྣམས་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༧ ནང་ཚུད་བོད་མི་མང་སྤྱི་འཐུས་ཀྱི་འོས་དམིགས་དངོས་གཞིར་ཞུགས་མཁན་རྣམས་ཀྱི་སོ་སོའི་མིང་དང་ཁྱད་མིང༌། སྐྱེས་ལོ་སྐྱེས་ཚེས། དང་བླངས་དཔྱ་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་པར་བཤུས། དོ་བདག་སོ་སོའི་ལོ་རྒྱུས་སྙིང་བསྡུས་འགེངས་ཤོག་མ་དཔེ་བཞིན་ཡིག་འབྲུ་ ༣༠༠ ལས་མི་མང་བ་སྨོན་ལམ་བོད་ཡིག་གཉིས་པའི་ (Monlam Uni Ouchan2) ཡིག་ཚད་ ༡༤ སྟེང་བརྒྱབ་པ། ཉེ་ཆར་བརྒྱབ་པའི་ཕྱེད་པར་མཚོན་ཁྲ་ཅན་གཉིས་རེ། ཡིག་ཆ་ངོ་མ་དང་མཉེན་བཤུས་ (Soft Copy) བཅས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་འབུལ་འབྱོར་དགོས་པ་དང་། དེ་བཞིན་འོས་གཞི་ནས་དགོངས་པ་ཞུ་འདོད་ཡོད་རིགས་ནས་དབུས་འོས་བསྡུ་ལས་ཁང་ལ་ཕྱི་ཟླ་ ༢ ཚེས་ ༢༨ ནང་ཚུད་འབུལ་དགོས། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག ཅེས་སྐུལ་མ་གནང་འདུག་ལ། དངོས་གཞིའི་འོས་གཞི་དེ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣ ཉིན་གསལ་བསྒྲགས་བྱ་རྒྱུ་རེད་འདུག
འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ཕྱི་ཟླ་ ༢ ཚེས་ ༣ ནས་བཟུང་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་འཛམ་གླིང་རྒྱལ་ཁབ་ ༢༧ ནང་གི་ས་གནས་རེ་རེ་བཞིན་འབྲེལ་བ་བྱས་ཏེ། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གྲངས་བསྡུ་ལེན་བྱས་ཡོད་པ་ལྟར། འདི་ག་གསར་ཁང་ནས་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྔོན་དཔག་འོས་གྲངས་ ༣༡༣༢༠ དང་བརྒྱ་ཆ་ ༦༣། ཨ་རིའི་སྐུ་ཚབ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་སྔོན་དཔག་འོས་གྲངས་ ༡༨༠༢༧ དང་བརྒྱ་ཆ་ ༣༦.༣ བྱུང་ཡང་། དེ་རིང་ཕྱི་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་འོས་གྲངས་དངོས་དང་བསྡུར་ན། སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་མཆོག་གི་སྔོན་དཔག་འོས་གྲངས་ ༥ ཉུང་བ་དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་སྔོན་དཔག་འོས་གྲངས་ ༡༨༤ མང་བ་བྱུང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།





