དེ་རིང་བོད་དངུལ་འགྲེམས་སྟོན་སོགས་ཀྱི་ཐོག་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༡༣ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

དེ་རིང་དྷ་ས་མེག་གྷན་གྱི་བྷག་སུ་གསོལ་མགྲོན་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག བོད་ཀྱི་སྲོལ་རྒྱུན་གྱི་རྡོ་རྩེད་དང་། ཐག་འཐེན། ཤོ་རྒྱག བོད་དངུལ་འགྲེམས་སྟོན་སོགས་ཚུད་པའི་སྲོལ་རྒྱུན་གྱི་རྩེད་རིགས་དང་ཟས་རིགས་ལ་རོལ་ནས། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༡༣ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།
དེའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་ངག་དབང་ཆོས་སྒྲོན་ལགས་ཀྱིས། དེ་རིང་བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད། ཉིན་མོ་འདི་སྲུང་གཙི་ཞུ་དགོས་དོན་ནི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཆུ་གླང་རྩ་ཚིག་ཆེན་མོ་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ཐོག་ནས་བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཉིན་མོ་ཞུས་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ལོ་ལྟར་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དཔང་མང་པོ་ཞིག་ཡོད་པའི་ནང་ནས་བརྗོད་གཞི་འདྲ་མིན་བཟུང་སྟེ་སྲུང་གཙི་ཞུ་ཡི་ཡོད་པ་རེད། ད་ལན་གྱི་བརྗོད་གཞི་ནི་བོད་དངུལ་ཆགས་ཀྱི་ཡོད། བོད་དངུལ་གྱི་ཐོག་ནས་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་དང་ཐ་དད་ཡིན་པ་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཤོག་དངུལ་ཐོག་མར་འདོན་སྤེལ་གནང་སྟེ་ལོ་ངོ་ ༡༡༣ འཁོར་བའི་དུས་དྲན་སོགས་ལ་བརྟེན་ནས་སྲུང་གཙི་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་མོས་ལས་རིམ་གང་དང་གང་ཡོད་པ་དང་འབྲེལ། ཞོགས་པ་བོད་ཀྱི་སྲོལ་རྒྱུན་ལྟར་བསང་གསོལ་དང་། དེ་རིང་གི་ཉིན་མོ་སྲུང་གཙི་དང་འབྲེལ་བའི་མཛད་སྒོ་འཚོགས། དེའི་རྗེས་བོད་ཀྱི་འགྲེམས་སྟོན་ཁང་གི་རོགས་སྐྱོར་གྱི་ཐོག་ནས་བོད་དངུལ་འགྲེམས་སྟོན་ཞུས་ཡོད་ལ། བོད་དངུལ་གྱི་འབྱུང་རིམ་སོགས་འགྲེལ་བརྗོད་དང་འགྲེམས་སྟོན་ཞུས་ཡོད། དེ་ནས་བོད་ཀྱི་སྲོལ་རྒྱུན་གྱི་རྩེད་མོ་རྡོ་བཀྱག་རྒྱུ་དང་། ཐག་པ་འཐེན་རྒྱུ། ཤོ་རྒྱག་པ། ཤོག་དཔེ་ (Card) རྩེ་རྒྱུ་སོགས་གྲ་སྒྲིག་ཞུས་ཡོད་ལ། ཟས་རིགས་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཅ་དངོས་ཁག་ཅིག་འཚོང་རྒྱུ། ཅ་དངོས་དེ་དག་ཉོ་བའི་སྐབས་བོད་ཀྱི་ཤོག་དངུལ་བེད་སྤྱོད་གཏོང་གི་ཡོད། དེ་ཡང་ང་ཚོ་བོད་ནང་ཡོད་པའི་འཚོ་བའི་རྣམ་པ་བསྐྲུན་རྒྱུའི་ཆེད་དུ་བོད་ཀྱི་ཤོག་དངུལ་བེད་སྤྱོད་གཏོང་གི་ཡོད་ལ། བོད་ལྗོངས་དངུལ་ཁང་ཆེན་མོའང་གྲ་སྒྲིག་ཞུས་ཡོད། ཉིན་རྒྱབ་ཏུ་ཏམ་བྷོ་ལ་ (Tambola) རྩེད་ཀྱི་ཡོད་ལ། ཏམ་བྷོ་ལའི་ནང་གི་ཨང་ཀི་དེ་དག་བོད་ཡིག་ཐོག་ནས་བྲིས་ཡོད་པ་མ་ཟད། ཤོག་དཔེ་ (Card) ཡང་རྩེད་ཀྱི་ཡོད། མཐའ་མ་དེར་སྒོར་གཞས་འཁྲབ་སྟེ་མཛད་སྒོ་མཇུག་སྒྲིལ་གྱི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་ཏེ། ལོ་གཉིས་ཀྱི་རྗེས་སུ་བོད་ལ་ཕྱིར་ལོགས་གནང་སྟེ་ལྷ་ས་ཁུལ་གྱི་མན་ཇུ་དམག་མི་དང་བཅས་པ་ཕྱིར་སྐྲོད་བཏང་བ་མ་ཟད། ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་བོད་རང་བཙན་སླར་གསོའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།





