བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག
ཁེ་ན་ཊའི་སྲིད་བློན་མར་ཁི་ཁར་ནི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁེ་ན་ཊའི་སྲིད་བློན་གྱི་འོས་བསྡུ་ལས་རྒྱལ་ཁ་ཐོབ་པའི་ཁེ་ན་ཊའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་མར་ཁི་ཁར་ནི་ (Mark Carney) མཆོག་ལ་རྒ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ངོས་རང་གིས་ཁྱེད་ཀྱི་གོང་མ་རྣམས་ལ་ཞུས་པ་བཞིན་ཁྱེད་ཅག་གིས་བོད་མི་རྣམས་ལ་རྒྱུན་མཐུད་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར། ཁེ་ན་ཊའི་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་གིས་ཁེ་ན་ཊ་མི་མང་གི་རེ་བ་དང་སྨོན་འདུན་ཡོངས་སུ་སྐོང་ཐུབ་པ་དང་། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་ཐད་ལ་ནུས་པ་གང་མང་འདོན་ཐུབ་པའི་སྨོན་འདུན་ཞུ། ཞེས་སོགས་གསུངས།
ཨོ་གླིང་སྲིད་བློན་ཨིན་ཐོ་ནི་ཨལ་བྷེ་ནི་སི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་༥ ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨོ་གླིང་སྲིད་བློན་ཨིན་ཐོ་ནི་ཨལ་བྷེ་ནི་སི་ (Anthony Albanese) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་ཨོ་གླིང་གྲོས་ཚོགས་འོས་བསྡུ་ལས་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་པ་དང་།ཨོ་གླིང་གཞུང་མང་གཉིས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཆེ་མཐོང་ལ་དོ་སྣང་བྱས་ཏེ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།
འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་ (Friedrich Merz)མཆོག་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པའི་ནང་། ངོས་རང་གིས་ཡུ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་བདེ་དོན་དང་ཁེ་ཕན་ཐོག་མཉམ་རུབ་ཀྱི་ལས་དོན་གནང་བར་ཡིད་སྨོན་ཞུ་བཞིན་ཡོད། མཉམ་ལས་ཀྱི་སེམས་ཤུགས་འདིས་གཞན་ལ་སེམས་འགུལ་ཐེབས་ཐུབ་པའི་ཡིད་ཆེས་ཡོད་ལ། འཛམ་གླིང་ནང་ཞི་བདེ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད། ཅེས་གསུངས་འདུག
ཡེ་ཤུའི་ཆོས་དཔོན་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༩ ཉིན་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་ (Robert Prevost Pope Leo XIV) མཆོག་ཡེ་ཤུའི་ཆོས་དཔོན་ཐེངས་ ༢༦༧ པར་བསྐོས་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། གནད་དོན་ཧ་ཅང་མང་པོ་ཞིག་གདོང་ལེན་བྱ་དགོས་པའི་དུས་སྐབས་འདིར། ཁྱེད་རང་ཆོས་དཔོན་དུ་འདེམས་པ་དེས། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་གཅིག་པུ་མིན་པར། བྱམས་བརྩེ་དང་ཞི་བདེའི་འཛམ་གླིང་འདོད་མཁན་གྱི་སྐྱེས་བུ་མང་པོར་རེ་བ་གསར་པ་ཞིག་བསྩལ་བ་ཡིན། ཞེས་གསུངས་འདུག
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བའི་ཐོག་གསུང་འཕྲིན་བསྩལ།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་རྒྱལ་ས་ཊོག་ཡོར་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་གསུང་འཕྲིན་བསྩལ་བའི་ནང་། ང་ཚོས་རྩོད་རྙོག་དང་མི་མཐུན་པ་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་བར་ཧུར་བརྩོན་བྱེད་དགོས། ང་ཚོ་བོད་མི་རྣམས་འཚེ་མེད་ཞི་བའི་ལམ་ནས་བོད་མི་རིགས་ཀྱི་རང་དབང་ཆེད་དུ་ཕན་ཚུན་བསམ་མཐུན་གྱི་ཐག་གཅོད་འཚོལ་བཞིན་ཡོད། བོད་ནང་ཡོད་པའི་བོད་མིའི་སྙིང་སྟོབས་རི་བོ་བཞིན་གཡོ་བ་མེད་ལ། ཁོང་ཚོའི་རྩ་དོན་ནི་བདེན་པ་དང་དྲང་བདེན་ཡིན་པས་ནམ་ཡང་འགྱུར་མེད་ཡིན། ངོས་ཀྱིས་རྒྱ་ནག་གིས་དེར་ངོས་འཛིན་བྱེད་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག
ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་ལི་རྗེ་མུ་ཡུང་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་ལྷོ་ཀོ་རི་ཡའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་རྗེ་མུ་ཡུང་ (Lee Jae-myung) ལགས་ཀྱི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ།དེང་སང་འཛམ་གླིང་འདི་ཧ་ཅང་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་ཤིག་ཏུ་ཡོད་ཀྱང་། འཛམ་གླིང་ཡོངས་སུ་ཕན་ཚུན་གཅིག་རྟེན་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ཡར་རྒྱས་འགྲོ་བཞིན་ཡོད་པ་ལྟར། ལྷོ་ཀོ་རི་ཡའི་གླིང་ཕྲན་ཞི་བདེར་གནས་རྒྱུ་ནི་འཛམ་གླིང་ཡོངས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ངོས་རང་གིས་ཁྱེད་ཀྱིས་མུ་མཐུད་དུ་ཕྱི་འབྲེལ་དང་གྲོས་མོལ་གྱི་ལམ་ནས་ཀོ་རི་ཡའི་ནང་ཞི་བདེ་རྟག་བརྟན་ཡོང་བར་འབད་བརྩོན་བྱེད་པའི་ཡིད་ཆེས་ཡོད། ཅེས་གསུངས་འདུག
སོག་པོའི་སྲིད་བློན་གསར་པ་ཛན་དྷན་ཤཱ་ཏར་གོམ་བྷོ་ཇ་ཝི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཛན་དྷན་ཤཱ་ཏར་གོམ་བྷོ་ཇ་ཝི་ (Zandanshatar Gombojav) མཆོག་སོག་པོའི་སྲིད་བློན་ཐེངས་ ༣༤ པར་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ། ངོས་རང་ཕྱི་ལོ་ ༡༩༧༩ ལོར་སོག་པོའི་རྒྱལ་ཁབ་ཏུ་ཐོག་མར་བསྐྱོད་པའི་གོ་སྐབས་བྱུང་བ་དང་། སོག་པོའི་མི་རབས་རྒན་གཞོན་ཚང་མས་འགྲོ་བ་མིའི་རིན་ཐང་། སྲོལ་རྒྱུན་གྱི་ནང་པའི་ཆོས་ལུགས་དང་དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གོང་སྤེལ་གཏོང་བར་དགའ་མོས་དང་སྤྲོ་སེམས་འཕེལ་བཞིན་པ་དེས་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།ལོ་རྒྱུས་ཀྱི་ཐོག་ནས་སོག་པོ་དང་བོད་མིའི་བར་ལ་མཚེ་མ་ལྟ་བུ་གཅེན་གཅུང་གི་འབྲེལ་བ་ཡོད་ཅིང་། ༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་སྐབས་ནས་བཟུང་བོད་སོག་གཉིས་ཀྱི་དབར་ལ་དམིགས་བསལ་གྱི་དམ་ཟབ་ཐོག་ནས་གནས་ཡོད། ཅེས་གསུངས་འདུག
རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པའི་ནང་། རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་དང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་མ་ཟད། གནའ་བོའི་ཤེས་རིག་གི་ཁུངས་ཕུན་སུམ་ཚོགས་པ་ཡོད། ངོས་ནས་གནའ་དེང་གི་ཤེས་ཡོན་དང་ཟུང་འབྲེལ་ཐོག་ནས་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་སྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པའི་ཡིད་ཆེས་ཡོད། ཅེས་གསུངས་འདུག
རྒྱ་གར་གྱི་སྲིད་འཛིན་གཞོན་པ་རཱ་དྷ་རི་ཤི་ནན་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པ་སྐུ་ཞབས་རཱ་དྷ་རི་ཤི་ནན་མཆོག་ལ་འཚམས་འདྲི་གསུང་འཕྲིན་སྩལ་ཡོད་པའི་ནང་། འདས་པའི་མི་ལོ་སྟོང་ཕྲག་ལྷག་ནས་རྒྱ་གར་ལ་བྱམས་དང་སྙིང་རྗེའི་རྣམ་གཞག་ཁྱད་པར་བ་ཞིག་ཡོད་ལ། དེང་སྐབས་འཛམ་གླིང་སྤྱི་ཡོངས་སུ་རྣམ་གཞག་དེ་དག་དར་ཁྱབ་ཇེ་ཆེར་འགྲོ་མུས་ཡིན་པའི་ཁར། དེར་མི་སྒེར་བར་དང་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དར་སྤེལ་གཏོང་བའི་ནུས་མཐུ་ལྡན། ལྷག་པར་རྒྱ་གར་ནི་ཚོགས་སྡེ་སྣ་མང་ལྷན་སྡོད་བྱས་ཏེ་ཆོས་ལུགས་མཐུན་འབྲེལ་ལྡན་པའི་གཞིས་ཁྱིམ་ཞིག་ཡིན། ཞེས་གསུངས་འདུག
བལ་ཡུལ་གྱི་སྲིད་བློན་གསར་པ་སུ་ཤཱི་ལ་ཀཱར་ཀི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཟུར་པ་སུ་ཤཱི་ལ་ཀཱར་ཀི་(Sushila Karki) ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་པ་རྣམས་བཙན་བྱོལ་དུ་གྱར་དགོས་བྱས་རྗེས། བལ་ཡུལ་གཞུང་དང་མི་མང་གིས་བོད་མི་སྐྱབས་བཅོལ་བའི་སྡོད་གནས་ཆེད་མཐུན་སྦྱོར་གནང་བར་ངོས་ཀྱིས་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། བལ་ཡུལ་ནང་གནས་སྡོད་བོད་མི་ཉུང་ཉུང་ཞིག་ལས་མེད་ཀྱང་། ངོས་ཀྱིས་བལ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཕན་གྲོགས་ཡོང་གི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག
སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་ལ་འཚམས་འཕྲིན་ཞིག་བསྩལ་ཡོད་པའི་ནང་།རྒྱ་གར་ནི་འཛམ་གླིང་ནང་འཆམ་མཐུན་དང་བརྟན་བརླིང་གི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ང་ཚོ་བོད་པ་ཚོར་མཚོན་ན། རྒྱ་གར་ནི་ང་ཚོའི་ཆོས་ལུགས་ཀྱི་ཤུལ་བཞག་རིག་གནས་ཀྱི་འབྱུང་ཁངས་ཙམ་མ་ཡིན་པར་ལོ་ངོ་ ༦༦ ལྷག་གི་རིང་ལ་ང་ཚོའི་ཁྱིམ་གཞིས་ཀྱང་ཡིན། ངོས་ནས་སླར་ཡང་རྒྱ་གར་གཞུང་མང་གཉིས་ཀྱིས་སྤྲོ་སེམས་དང་ལྷག་བསམ་རྣམ་དག་གི་ཐོག་ནས་མགྲོན་འབོད་དང་ཕྱག་རོགས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཁན་ཊིར་བྷ་རའི་བུད་མེད་ཆོས་དཔོན་ཐོག་མ་དེར་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོན་ཌོན་གྱི་ཡི་ཤུ་ཆོས་དཔོན་ལྕམ་སྐུ་ཌེམ་སཱ་རཱ་མུ་ལཱ་ལི་(Dame Sarah Mullally)མཆོག་སྐབས་རྗེས་མའི་ཁན་ཊིར་བྷ་རིའི་ཤུ་ཆོས་དཔོན་དུ་མཚན་འདོན་གནང་བར་འཚམས་འདྲི་མཛད། འཚམས་འཕྲིན་ནང་ཆོས་ལུགས་ཚང་མའི་བསླབ་བྱ་གུ་ཡངས་དང་བཟོད་སྒོམ། བྱམས་བརྩེ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁོང་ཚོ་གསོ་སྐྱོང་བྱེད་དགོས། འདི་དག་ནི་ང་ཚོས་གཞན་ལ་ཕན་འབྲས་ལྡན་པའི་སྒོ་ནས་མཉམ་སྤྱོད་བྱེད་ཐུབ་པའི་ལག་ལེན་གྱི་ཁྱད་ཆོས་ཡིན། ཞེས་གསུངས་འདུག
ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༡ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཝི་ནེ་རྫོ་ལའི་དམངས་གཙོའི་ཐོབ་ཐང་འཐབ་རྩོད་པ་ལྕམ་མཱ་རི་ཡ་ལགས་སུ་ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད་པའི་ནང་། སྐུ་ཉིད་ནས་དམངས་གཙོ་ཡར་རྒྱས་གཏོང་བའི་ཆོད་སེམས་བརྟན་པོར་བཟུང་བ་དང་། བློ་སྟོབས་ཆེན་པོས་གཞན་ཕན་བསྒྲུབས་ཡོད་པ་གསལ་འདོན་གནང་ཡོད། ཁྱེད་རང་གི་མིག་དཔེ་དེས་ང་ཚོར་བསྐྱར་དུ་དམངས་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྐད་ཆ་བཤད་དགོས་པའི་དྲན་སྐུལ་བྱས་ཡོད། ཁྱེད་ཀྱིས་མི་རྣམས་ཐུན་མོང་གི་འཐབ་རྩོད་ཅིག་ཆེད་དུ་མཉམ་བསྡུ་བྱས་པ་དེས་མཐུན་སྒྲིལ་དང་ཞི་བདེ་མངོན་འགྱུར་ཐུབ་པའི་རེ་བ་བསྟན་ཡོད། ཅེས་གསུངས་འདུག
ཉི་ཧོང་གི་སྲིད་བློན་གསར་པ་ས་ནའེ་ཊ་ཀའེ་ཆི་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་བུད་མེད་སྲིད་བློན་ཐོག་མ་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) ལགས་སུ་འཚམས་འཕྲིན་སྩལ་ཡོད་པའི་ནང་། ངོས་ནས་བུད་མེད་ཀྱི་མགོ་ཁྲིད་མང་བ་ཡོད་ཚེ། འཛམ་གླིང་འདིར་བསམ་ཤེས་ཆེ་བ་དང་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ཁྱེད་ནས་ཉི་ཧོང་དང་འཛམ་གླིང་ཁྱོན་ཡོངས་སུ་བདེ་སྐྱིད་སྲ་བརྟན་དུ་གཏོང་བར་འགོག་རྐྱེན་འཕྲད་པའི་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་འཛིན་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས།
ཨེ་རི་ལན་ཌིའི་སྲིད་འཛིན་གསར་པ་ཁེ་ཐི་རི་ནེ་ཁོ་ནོ་ལིས་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་སྐུ་ཁེ་ཐི་རི་ནེ་ཁོ་ནོ་ལིས་ (Catherine Connolly) ལགས་ཨེ་རི་ལན་ཌིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འཕྲིན་བསྩལ་ཏེ། འཚམས་འཕྲིན་ནང་འཛམ་གླིང་ནང་གདོང་ལེན་བྱེད་དགོས་པའི་གཉན་འཕྲང་གི་དུས་སྐབས་འདིར། ཁྱེད་ཀྱིས་ལོ་མང་པོའི་རིང་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་གིས་གདོང་ལེན་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། ཅེས་དང་། ངོས་ཀྱིས་ང་ཚོའི་མགོ་ཁྲིད་མང་ཆེ་ཤོས་བུད་མེད་ཡིན་ཚེ། འཛམ་གླིང་འདིར་བསམ་ཤེས་ཆེ་བ་དང་ཞི་བདེ་ལྡན་པའི་གནས་ཤིག་ཏུ་འགྱུར་བར་ཡིད་ཆེས་བྱེད་ཀྱི་ཡོད། ཁྱེད་ནས་འཛམ་གླིང་ཁྱོན་ཡོངས་སུ་བདེ་སྐྱིད་སྲ་བརྟན་དུ་གཏོང་བར་འགོག་རྐྱེན་འཕྲད་པའི་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་འཛིན་ཐུབ་པའི་སྨོན་འདུན་ཡོད། ། ཅེས་གསུངས།
བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲི་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བྷི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་(Nitish Kumar) མཆོག་སླར་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་གསུངས་འཕྲིན་བསྩལ་ཏེ། ཉིད་ཀྱིས་ངོས་ནས་རྒྱ་གར་གྱི་དཔལ་ན་ལེནྡྲའི་གནའ་བོའི་རིག་གཞུང་དར་སྤེལ་གཏོང་བའི་བསམ་བློ་དང་འདུན་པ་ལ་སྐུལ་མ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཉིད་ཀྱིས་མཁྱེན་གསལ་བཞིན་རྒྱ་གར་གྱི་སྙིང་རྗེའི་ལྟ་གྲུབ་དང་དེ་ལས་བྱུང་བའི་འཚེ་བ་མེད་པའི་ཀུན་སྤྱོད་ནི་དེང་སྐབས་གོ་ལ་ཡོངས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད། ཅེས་གསུངས།
གསར་འགོད་པ་བྱམས་པ་ཚ་ེར་ིང་གིས་ཕྱོགས་སྒྲིག་བྱས།




