ཨ་རི་དང་ཨི་ཛི་རེལ་གྱི་མཁའ་ཐོག་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་དང་ཁོའི་བུ་མོ་སོགས་བསད་ཡོད་འདུག
ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི། དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རི་དང་ཨི་ཛི་རེལ་གྱིས་ཨི་རན་གྱི་ཏེ་རན་ (Tehran) དང་ཤི་རན་ (Shiran) སོགས་ཨི་རན་གྱི་ནུབ་ཕྱོགས་དང་དབུས་སོགས་ས་ཁུལ་ ༣༠ ལ་གཏོར་རྒོལ་བྱས་ཏེ་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད་ཡོད་སྟབས། ཨི་རན་གཞུང་གིས་ཉིན་གྲངས་ ༤༠ རིང་མྱ་ངན་བྱ་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། དེ་རིང་ཕྱི་ཚེས་ ༡ ཉིན་ཨི་རན་ནང་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཆས་གོས་ནག་པོ་གྱོན་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་བྱེད་བཞིན་འདུག་ལ། ཨ་རི་དང་ཨི་ཛི་རལ་གྱི་གཏོར་རྒོལ་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་གིས་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཨ་ལི་ཁཱ་མི་ནི་ (Ayatollah Ali Khamenei) བསད་ཡོད་པ་ཤེས་རྟོགས་བྱུང་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། ཁཱ་མི་མིའི་བུ་མོ་དང་ཚ་བོ། ཚ་མོ་སོགས་ཀྱང་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག དེ་རིང་ཕྱི་ཚེས་ ༡ ཉིན་ཨི་རན་གྱིས་ཨ་རི་དང་ཨི་ཛི་རལ་གྱི་འཇབ་རྒོལ་ལ་འཁོན་ལན་སློག་ཆེད་ཨི་ཛི་རལ་དང་ས་ཁུལ་དེའི་ཨ་རིའི་དམག་སྒར་ལ་མེ་ཤུགས་འཕུར་མདའ་དང་མི་མེད་གནམ་གྲུ་བཏང་ནས་རྒོལ་རྡུང་བཏང་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་ཨི་རན་གཞུང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རི་དང་ཨི་ཨི་ཛི་རལ་གྱི་གཏོར་རྒོལ་དེ་ནི་ལོ་རྒྱུས་ཁྲོད་གཏོར་རྒོལ་ཚབས་ཆེ་ཤོས་ཤིག་ཡིན་པ་དང་། ཐེངས་འདིའི་དོན་རྐྱེན་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་བསད་པར་མྱ་ངན་ཞུ་བཞིན་ཡོད་སྐོར་དང་། ཁཱ་མི་ནི་གསོད་མཁན་སུ་ཡིན་ནའང་རྩད་གཅོད་བྱས་ཏེ་ཉེས་ཆད་ལྗིད་པོ་གཅོད་རྒྱུ་དང་། སྐར་མ་ཁ་ཤས་ཀྱི་རྗེས་རྒོལ་ལན་སློག་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གཞུང་གིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་གཞུང་གི་ངོས་ནས་ཨ་རིར་ཉེན་ཁ་ཡོད་པའི་ཨི་སི་ལམ་གསར་བརྗེའི་སྲུང་སྐྱོབ་དམག་དཔུང་གི་བཀོད་འདོམས་ས་ཁུལ་དང་དང་། ཨི་རན་གྱི་མཁའ་དམག་དང་མེ་ཤུགས་འཕུར་མདའ་དང་མི་མེད་གནམ་གྲུ་འཕེན་ཡུལ། དམག་སྒར་སོགས་ལ་དམིགས་ཏེ་གཏོར་རྒོལ་བྱས་ཡོད་སྐོར་བརྗོད་འདུག
རྒྱལ་སྤྱིའི་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཨི་རན་གྱིས་ཨི་ཛི་རལ་ལ་མེ་ཤུགས་འཕུར་མདའ་བཅུ་ཕྲག་ཁ་ཤས་འཕེན་བཞིན་ཡོད་སྐོར་དང་། ད་བར་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་པ་མང་པོ་ཞིག་བཀག་འགོག་བྱས་པར་བརྟེན་རྨས་སྐྱོན་ཚབས་ཆེན་བཟོས་མེད་ཀྱང་། མུ་མཐུད་དུ་མེ་ཤུགས་འཕུར་མདའ་འཕེན་བཞིན་ཡོད་འདུག
དེ་རིང་དཀྱིལ་ཤར་གཞུང་གིས། ཨི་རན་གྱིས་ཨ་རབ་ཁྱིམ་མཚེས་རྒྱལ་ཁབ་ལ་འཇབ་རྒོལ་བྱས་པར་སྐྱོན་བརྗོད་དང་། དེ་སྔ་ཨ་རི་དང་ཨི་ཛི་རལ་གྱི་གཏོར་རྒོལ་ལ་ཁུ་སིམ་མེར་སྡོད་ཀྱི་ཡོད་ཚུལ་བརྗོད་དེ་སྐྱོན་བརྗོད་བྱེད་བཞིན་འདུག གཞན་ཡང་། མོ་རོ་ཁོ་དང་། འཇོར་ཌན། ཨ་རབ་བཅས་ཨི་ཛི་རལ་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་དེ་དག་གིས་ཨི་རན་གྱིས་ཨ་རིའི་དམག་སྒར་ལ་དམིགས་ཏེ་གཏོར་རྒོལ་བྱས་པར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
སང་ཉིན་རེས་གཟའ་ཟླ་བའི་ཉིན་ཡུ་རོབ་མཐུན་ཚོགས་ཀྱིས་དོན་རྐྱེན་དེ་དང་འབྲེལ་ནས་ཛ་དྲག་གི་བདེ་འཇགས་ཚོགས་འདུ་འཚོག་རྒྱུ་ཡིན་འདུག་ལ། ཨོ་གླིང་གི་སྲིད་བློན་ཨེན་ཐོ་ནི་ཨལ་བྷ་ནེ་སི་ (Anthony Albanese) མཆོག་གིས། ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཨ་ཡ་ཊོ་ལ་ཨ་ལི་ཁཱ་མི་ནི་ (Ayatollah Ali Khamenei) བསད་ཡོད་ཀྱང་། མྱ་ངན་ཞུ་རྒྱུ་མིན། ཞེས་དང་། ཁཱ་ཀི་ནི་ཡིས་སོ་སོའི་རྒྱལ་ཁབ་ཀྱི་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་ལས་གཞི། མཚོན་ཆའི་ཚབ་མཚོན་ལ་རྒྱབ་སྐྱོར་བྱེད་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་མི་མང་ལ་སྡུག་སྦྱོང་མནར་གཅོད་བཏང་ཡོད་ལ། ཨོ་གླིང་དུ་གཏོར་རྒོལ་བྱས་ཡོད་པར་བརྟེན། མྱ་ངན་ཞུ་ཡི་མིན། ཞེས་གསུངས་འདུག
གནད་དོན་དབྱེ་ཞི་བ་པ་ཁག་ཅིག་གིས། ཨ་རི་དང་ཨི་ཛི་རེལ་གྱིས་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད་པ་དེ་ནི་ལོ་རྒྱུས་ཀྱི་ཀྱོག་མཚམས་དང་ལོ་རྒྱུས་ཐོག་རྒྱལ་ཁ་ཆེན་པོ་ཡིན་པ་དང་། དོན་རྐྱེན་དེ་ལ་བརྟེན་ནས་དམག་འཁྲུག་ཤུགས་ཆེན་འབྱུང་ཉེན་ཡིད་སྐོར་དང་། ཨི་རན་ནི་ཨི་སི་ལམ་གྱི་རྒྱལ་ཁབ་གཅིག་པོ་ཞིག་ཡིན་པར་བརྟེན། ཁ་ཆེའི་མགོ་ཁྲིད་ཅིག་བསད་པའི་རྐྱེན་དང་། ཨ་རིའི་ནང་ཁ་ཆེ་བ་མང་པོ་ཡོད་པར་བརྟེན། མ་འོངས་པར་ཨ་རིའི་ནང་དཀའ་ངལ་འཕྲད་རྒྱུའི་ཚོད་དཔག་བྱེད་བཞིན་འདུག དེ་བཞིན་དོན་རྐྱེན་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་དང་། འཛམ་གླིང་རྒྱལ་ཡོངས་སུ་སྣུམ་རིན་འཕར་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།