དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོལ་གསུམ་སེར་སྐྱ་མི་མང་ཡོངས་ཀྱིས་ཞུམ་པ་མེད་པའི་སྒོ་ནས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༧ འཁོར་བའི་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་ལ་ངོ་རྒོལ་ཆེད་རང་དབང་སྒེར་བྱས་པའི་དུས་དྲན་ཐེངས་ ༦༧ པ་དང་། རྒྱལ་གཅེས་དཔའ་བོ་དང་དཔའ་མོའི་ཉིན་མོ་གཞུང་འབྲེལ་སྲུང་གཙི་ཞུས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་འཇར་མན་གྱི་གྲོས་ཚོགས་འཐུས་མི་མའེ་ཁལ་ (Michael Brand) ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི་ (Jiri Oberfalzer) ལགས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འབུམ་རམས་པ་གྷར་ཊི་ (Gert Pottering) ལགས། དམིགས་བསལ་སྐུ་མགྲོན་རྗོ་སེབ་ (Brian Joseph) ལགས། ཁྲང་ལའེ་ (Cheng Lei) ལགས། རྒྱ་གར་ (RSS) དབུས་སྤྱི་ཁྱབ་ཚོགས་མི་བགྲེས་པ་སྐུ་ཞབས་ཨིན་ཌེ་རེ་ཤི་ཀུ་མར་ (Indresh Kumar) ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མི་མང་སོགས་ལྷན་འཛོམས་གནང་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱངས་གནང་བའི་ནང་། དེ་རིང་ནི་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་པོའི་བཙན་འཛུལ་ལ་ངོ་རྒོལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་སྦྱོར་ངན་འགོག་ཆེད། ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་ཞུམ་པ་མེད་པའི་སྒོ་ནས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པས། བཀའ་ཤག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ད་ལྟའང་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་སེམས་ཤུགས་རི་རབ་བཞིན་བརྟན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། མཛད་སྒོ་འདིའི་ཐོག་ང་ཚོ་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་མཁན་སྐུ་མགྲོན་རྣམ་པ་དང་། འཛམ་གླིང་འདིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།
ད་ལྟའི་ཆར། རྒྱ་གཞུང་གིས་ཧན་མི་རིགས་མ་ཡིན་པའི་བོད་མིས་མཚོན་མི་རིགས་ཚང་མ་རྟོག་བཟོ་བྱས་པའི་”ཀྲུང་ཧྭ་མི་རིགས་”ཀྱི་གྲུབ་ཆ་ཡིན་ལུགས་བཙན་འགེལ་གྱིས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་”དགོས་ལུགས་བསྒྲགས་ཏེ། རྒྱལ་ཁབ་ཀྱི་འཕྲུལ་འཁོར་མ་ལག་ཡོངས་རྫོགས་བཀོལ་སྤྱོད་ཀྱིས། བོད་ནང་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་གཏོང་བའི་སྲིད་ཇུས་གཞི་རྒྱ་ཆེ་ཞིང་གཏིང་ཚུགས་པའི་སྒོ་ནས་ལག་བསྟར་བྱེད་བཞིན་པ་སྟེ།
ཀ བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཚོད་འཛིན་དང་དམར་པོའི་ལྟ་སྤྱོད་ཀྱིས་ཀླད་པ་ཁྲུས་བཤལ་བྱེད་བཞིན་པ་དེར། མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིའི་གཞུང་། ཡུ་རོབ་གྲོས་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཁག་སོགས་ནས་མི་རིགས་བཙན་བསྒྱུར་དང་། མ་ལག་ལྡན་པའི་ཐོག་ནས་རིག་གཞུང་ངོ་རྟགས་རྩ་གཏོར་ཡིན་པར་ངོས་འཛིན་གནང་ཡོད་པ་དང་།

ཁ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་ཚོགས་ཆུང་གི་སྙན་ཐོ་ ༢༠༢༦ ཟླ་ ༡ ཚེས་ ༢༢ ཉིན་བཏོན་པའི་ནང་། “ལས་རིགས་སྦྱོར་བརྡར་དང་། ངལ་རྩོལ་ནུས་ཤུགས་སྤོ་སྐྱེལ་”སོགས་ལས་གཞི་འདྲ་མིན་བརྒྱུད། གཞི་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་རོང་པ་དང་འབྲོག་པ་རྣམས་གཞིས་སྤོ་དང་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པའི་སྐོར་ལ་”ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་བོད་མི་ས་ཡ་གསུམ་དང་སུམ་འབུམ་དྲུག་ཁྲི་ལྷག་ལ་སྲིད་གཞུང་གི་ལས་འཆར་དེའི་ཤུགས་རྐྱེན་ཐེབས་ཡོད་”ཅེས་དང་། (ས་གནས་ལ་ལར་) “བཙན་ཤེད་ཀྱི་བྱེད་ཐབས་གདུག་རྩུབ་ཧ་ཅང་ཆེ་བས། བཙན་དབང་གིས་གཞིས་སྤོའམ། འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་སྤྱོད་ཆགས་སྲིད་ཅེས་བཀོད་འདུག་པས། བོད་རིགས་མི་འབོར་སྤྱི་བསྡོམས་ཀྱི་ཕྱེད་ཀ་མ་ཟིན་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད།
ཨེ་ཤ་ཡའི་ཆུ་མཛོད་ཡིན་པའི་བོད་མཐོ་སྒང་གི་ས་བབ་གལ་གནད་འདིར་རྒྱ་གཞུང་གིས་སྡིག་པ་མིག་བཙུམ་གྱིས་གཏོར་སྐྱོན་གཏོང་བ་དེས་བོད་ཀྱི་རྒྱུགས་ཆུ་ལ་བརྟེན་པའི་མི་འབོར་དུང་ཕྱུར་ཉི་ཤུ་ཙམ་མ་ཡིན་པར། ས་ཆེན་འདིའི་གནམ་གཤིས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པའི་གོ་ལ་ཧྲིལ་པོའི་ཁེ་ཕན་ལ་ཐུག་ཡོད་ཅིང་། འཕགས་པ་སྤྱན་རས་གཟིགས་ཀྱིས་བསྐལ་པ་དུ་མའི་སྔ་རོལ་ནས་བོད་ཡུལ་གདུལ་བྱར་འཛིན་པའི་ཐུགས་བསྐྱེད་དེ། ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱིས་འགྲོ་བ་ཐོག་མར་སྤེལ་ཅིང། བར་དུ་རྒྱལ་བློན་བྱང་ཆུབ་སེམས་དཔའི་རོལ་གར་གྲངས་ལས་འདས་པས་བོད་དང་བོད་མིའི་བདེ་དོན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་དང་། བསྐལ་པ་ནམ་གནས་བར་ཕྱག་སྟོང་སྤྱན་སྟོང་གིས་བོད་དང་བོད་མི་བློས་གཏོང་མི་གནང་བའི་གཡར་དམ་བཅས་ཡོད་པས། སྟོང་ལ་ཉེ་བའི་གུང་ཁྲན་རིང་ལུགས་ལ་འཐམ་པའི་རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་གཏོང་རྒྱུའི་ངན་ཇུས་ལམ་ལྷོང་འགྲོ་ས་ཞིག་ཡེ་ནས་མེད།
བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པར། རྒྱ་གུང་ཁྲན་གྱིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་གནད་དོན་འདི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པར། ཐག་ཆོད་མེད་པའི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་ཨ་རི་གཞུང་གིས་གཏན་འབེབས་གསལ་བསྒྲགས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་གིས་གསལ་འདོན་གནང་ཡོད་པ་དང་། ༸རྒྱལ་བའི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ལམ་སྲོལ་དང་ཆབ་སྲིད་ཀྱི་བཟང་སྤྱོད་ཡལ་བར་དོར་ཏེ། ཆ་རྐྱེན་གསུམ་ཧམ་སྒྲོག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་ཡིག་དང་། གྲོས་ཆོད། བསྒྲགས་གཏམ་སོགས་ ༡༣༤ ཙམ་སྤེལ་ཏེ། ངོས་ལེན་མེད་པའི་ལངས་ཕྱོགས་གསལ་སྟོན་གནང་ཡོད་ནའང་། རྒྱ་གཞུང་གིས་མུ་མཐུད་སོ་སོའི་ངན་ཇུས་དེ་རྒྱ་ནག་ནང་དང་བོད་ནང་དྲིལ་བསྒྲགས་དང་། ལས་འགུལ་འདྲ་མིན་སྤེལ་བཞིན་པ་མ་ཟད། རྒྱ་གཞུང་གིས་བསྐོ་འཛུགས་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་དང་བླ་གྲྭ་རེ་ཟུང་བཀོལ་སྤྱོད་བྱས་ཏེ་ཚོགས་འདུ་དང་གཏམ་བཤད་ཀྱི་འཁྲབ་སྟོན་འདྲ་མིན་ཐོན་བཞིན་པ་དེ་རིགས་ད་ལྟ་དང་མ་འོངས་པའི་གནས་སྐབས་གང་དུའང་སུ་གང་གིས་ངོས་ལེན་མེད་ངེས་ཡིན། ཞེས་སོགས་འཁོད་འདུག

རྒྱ་གར་ (RSS) དབུས་སྤྱི་ཁྱབ་ཚོགས་མི་བགྲེས་པ་ཨིན་ཌེ་རེ་ཤི་ཀུ་མར་ལགས་ཀྱིས། དེ་རིང་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་དང་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་མི་མང་རྣམས་འཛོམས་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་ཡོད་པའི་བོད་མི་རྣམས་ཆིག་སྒྲིལ་གྱིས་བོད་རང་བཙན་གྱི། བོད་ཀྱི་ངོ་བོ། རིག་གཞུང་། ཆོས་ལུགས་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གིས་དྲག་པོའི་ཐོག་ནས་་བོད་མི་སྟོང་ཕྲང་མང་པོ་དམར་གསོད་བཏང་ཡོད་པ་རེད། དེར་བརྟེན་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡིན། ཉིན་གཅིག་བོད་མི་རྣམས་པོ་ཏ་ལའི་མདུན་ཐང་དུ་མཉམ་འཛོམས་ཡོང་བའི་རེ་བ་ཡོད། རྒྱ་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་སྐོར་དང་། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་མི་མང་རྣམས་ཀྱིས་དམག་འཁྲུག་གྱི་ལམ་བེད་སྤྱོད་གཏོང་མི་དགོས་པ་དང་། འཚེ་མེད་ཞི་བའི་ལམ་ལ་ཤར་སྐྱོད་བྱེད་དགོས་སྐོར། འཛམ་གླིང་ཡོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱ་དགོས་པ་དང་། རྒྱ་ནག་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་དགོས་སྐོར་སོགས་བརྗོད་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱངས་གནང་བའི་ནང་། བོད་རྒྱལ་ཁབ་འདི་སྲིད་པ་ཆགས་པ་ནས་རིམ་པས་ཆབ་སྲིད་དང་། འཛིན་སྐྱོང། ཁྲིམས་ལུགས་བཅས་པ་བོད་མི་རང་གིས་དོ་དམ་སྟངས་འཛིན་བྱས་པ་ལས། གཞན་གྱི་དབང་འོག་ཏུ་ཡེ་ནས་མེད་པའི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང། དེང་རབས་ཡོངས་གྲགས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་འགྲེལ་བརྗོད་དང་མཐུན་ལ། དེང་སང་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོ་ལས་ལྷག་པའི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གཞུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སེར་སྐྱ་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར། མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་འཛུལ་བ་རྒྱ་དམར་གྱི་སྲིད་བྱུས་དང་དྲག་དཔུང་ལ་ངོ་རྒོལ་གྱིས་རང་དབང་སྒེར་ལངས་ཆེན་མོ་ཞིག་བྱས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ནི་བོད་མི་ཡིན་ནོ་ཅོག་གིས་ནམ་ཡང་བརྗེད་ཐབས་མེད་པའི་དུས་ཚིགས་གལ་ཆེན་ཞིག་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། ད་བར་བོད་རྒྱལ་ཁབ་མི་རིགས་རང་དབང་དང་བཅས་པའི་དོན་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམས་དང་། ད་ལྟའང་རྒྱ་དམར་གཞུང་གི་ཁྲིམས་གཅོད་ཀྱིས་མིང་འདོགས་སྣ་ཚོགས་འོག་དཀའ་སྡུག་ཚད་མེད་བསམ་ཡུལ་ལས་འདས་པ་མྱོང་བཞིན་པ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་དང་། རྒྱལ་གཅེས་ལྷག་བསམ་བཅས་པར་བསྔགས་བརྗོད་དང་སྦྲགས་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་རང་ཡུལ་རང་དབང་སླར་གསོའི་རྒྱལ་ཁ་མྱུར་དུ་འཐོབ་ཅིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་གཏན་དུ་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།
འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱ་བསྐྱེད་རིང་ལུགས་པའི་བཙན་དབང་འོག་གི་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་ཐོབ་པའི་དུས་དེར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐབས་དེའི་ཆབ་སྲིད་དང་གནས་སྟངས་མང་དག་ཅིག་གི་གོ་སྐབས་བླངས་ཏེ་བོད་ཐོག་དྲག་པོའི་བཙན་འཛུལ་བྱས་མཐར་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་ནས་ད་བར་མི་ལོ་ ༧༧ ལྷག་འགྲོ་བཞིན་པའི་རིང་བོད་མི་ས་ཡ་གཉིས་ལྷག་བརྒལ་བ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་ཤིང་། འཆར་གཞི་དེ་ཉིད་ལག་བསྟར་མྱུར་དུ་གཏོང་ཕྱིར་རྒྱ་དམར་གཞུང་གིས་བོད་ཕྲུག་གྲངས་ལས་འདས་པ་སོ་སོའི་ཕ་མ་དང་རང་ཁྱིམ་ནས་བཙན་གྱིས་འཁྲིད་དེ་བཅའ་སྡོད་སློབ་གྲྭར་འཇུག་རྒྱུའི་ཐབས་ལམ་ངན་པ་དེ་འདྲ་ལག་བསྟར་གྱིས་བོད་ཡུལ་རྒྱ་ཡུལ་ཅན་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། རྒྱ་ནག་གི་འགོ་འཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། མགོ་སྐོར་བསླུ་བྲིད་ཀྱི་རྫུན་གཏམ་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྦས་བྱེད་བཞིན་ཡོད་པ་ནི་སྐྱེ་བོ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།

རྒྱ་དམར་གཞུང་ནས་བོད་བཙན་བཟུང་གིས་དབང་བསྒྱུར་བྱས་རིང་བོད་ཀྱི་ལོ་རྒྱུས་བདག་དབང་ལ་འཁྱོག་བཤད་དང་། ཐུན་མིན་རིག་གཞུང་ལ་བསྲེ་ལྷད། ཆོས་དད་ཀྱི་རང་དབང་བཙན་འཕྲོག སྣོད་བཅུད་ཁོར་ཡུག་ལ་གཏོར་བཅོམ། འགྲོ་བ་མི་ཡི་ཐོབ་ཐང་ལ་རྡོག་རོལ། སྨྲ་བརྗོད་རང་དབང་ལ་བཀག་སྡོམ། དཔལ་འབྱོར་ཡར་རྒྱས་ལ་ཁག་དཀྲི་བྱས་ཏེ་མི་སེར་སྤེལ་བའི་ངན་བྱུས། བོད་རིགས་གཅིག་གྱུར་གྱི་འདུ་ཤེས་འགོག་ཐབས། བོད་མིའི་མངོན་འདོད་ལ་ཁྱད་གསོད་བྱས་པ་སོགས་ལས། དོན་དམ་པ་བོད་མི་རིགས་ཀྱི་དགོས་མཁོ་དང་བསྟུན་པའི་སྲིད་བྱུས་ཡང་དག་པ་ཞིག་ད་བར་ལག་ལེན་དུ་མ་བསྟར་བ་མ་ཟད། དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁོ་ན་བཟུང་བར་བརྟེན། བོད་ཀྱི་མི་རབས་གསར་རྙིང་བརྗེས་མིན་ལ་མ་ལྟོས་པར་ཕྱི་ལོ་ ༡༩༨༧ ནས་ངོ་རྒོལ་རིམ་པ་སྤེལ་ཅིང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ་དང་། ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་བ་སོགས་ད་བར་མཚམས་ཆད་མྱོང་མེད་ཅིང་། བོད་རིགས་ཀྱི་བློས་གཏོང་འདི་རྣམས་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་ཤེས་དགོས་པ་གལ་ཆེ་ཞིག་ཆགས་ཡོད།
ཕྱི་ལོ་ ༡༩༧༩ ལོ་རྗེས་ནས་རིམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ཀྱིས་རྒྱ་ནག་གཞུང་མཉམ་འབྲེལ་མོལ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱས་ཡོད་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་མཁྲེགས་བཟུང་གི་སྲིད་བྱུས་མུ་མཐུད་འཛིན་བཞིན་པས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད། ད་ལྟའི་བོད་ནང་གི་གནས་སྟངས་ནི། བོད་མི་རྣམས་ནས་སོ་སོའི་སྐད་ཡིག་དང་། ཆོས། རིག་གཞུང་། ཁོར་ཡུག སྒྱུ་རྩལ་སོགས་ཀྱི་བྱེད་སྒོ་ཙམ་ཡང་སྤེལ་མི་ཆོག་པར་རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བཙན་འཁྲིད་དང་། བོད་མི་རྣམས་སོ་སོའི་ལུང་པའི་ནང་འགྲོ་འདུག་སྤྱོད་གསུམ་གྱི་འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ལོངས་སྤྱོད་ཐུབ་ཀྱི་མེད་པའི་གནས་སྟངས་གསལ་པོ་གྱུར་ཞིང་། ཕྱི་ལོ་ ༢༠༢༥ ལོར་ཨ་རིའི་རང་དབང་ཁང་པས་བཏོན་གནང་བའི་འཛམ་གླིང་ནང་གི་རང་དབང་ཞེས་པའི་གོ་ལ་ཡོངས་ཀྱི་ཆབ་སྲིད་རང་དབང་དང་མི་སེར་རང་དབང་གི་སྙན་ཐོའི་ནང་། བོད་དེ་མུ་མཐུད་དེ་རང་དབང་ཆེས་མེད་པ་ཞིག་ལ་ངོས་འཛིན་བྱས་ཡོད། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༣ ཉིན་བཏོན་པའི་སྙན་ཐོ་སོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་འཁོད་ཡོད་ཅིང་། དེའི་ནང་དུ་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་བྱེད་པ་དང་། ཆོས་དད་རང་དབང་ལ་དམ་བསྒྲགས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བཅས་བོད་མིའི་རང་དབང་ལ་བརྩིས་མེད་རྡོག་རོལ་གཏོང་བཞིན་པ་འཁོད་ཡོད། དེ་ལྟར་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས་ཀྱི་རང་དབང་རྣམས་ཉམས་དམས་སུ་གཏོང་ཞིང་། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས་སོགས་ཡུལ་གོམས་གཤིས་ལུགས་ལ་ཉམས་ཆག འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བརྡལ་བཤིག རང་བྱུང་ཁོར་ཡུག་ལ་གནོད་ཚབས་གཏོང་བཞིན་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་མུ་མཐུད་བྱུང་དང་འབྱུང་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་རྒྱ་ནག་གཞུང་ལ་ནན་བཤད་བྱ་རྒྱུ་ཡིན།
བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འདས་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཐོག་ཕྱོགས་གང་ས་ནས་འབད་པ་ལྷོད་མེད་ཞུས་དང་ཞུ་མུས་ཀྱིས་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཐོན་ཡོད་པས་སྤོབས་པ་བྱེད་ཆོག་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། འོན་ཀྱང་དེང་གི་འཛམ་གླིང་ནང་”དུས་རབས་གསར་པ། (New Era)” ཞིག་ཏུ་གྱུར་བའི་ཛ་དྲག་གི་དུས་སྐབས་འདིར། བོད་མིའི་གནས་སྟངས་ཀྱང་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འཇིགས་ཉེའི་མཚམས་སུ་སྐྱབས་ཐུབ་དགོས་པ་ད་ལྟའི་མི་རབས་འདིའི་ལས་འགན་གལ་ཆེ་ཤོས་ཤིག་ཆགས་ཡོད་ན། བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་དང་། བོད་ཀྱི་རྩ་དོན་འཐབ་རྩོད་ལ་འོས་འགན་ཆེ་ཙམ་བཞེས་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི་ (Jiri Oberfalzer) ལགས་ཀྱིས། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད། བོད་ལ་ལོ་རྒྱུས་ལྡན་ཞིང་ཕྱི་ལོ་ ༡༩༡༣ ལོར་རང་བཙན་གསལ་བསྒྲགས་བྱས་པ་རེད། དུས་དེ་ནས་བཟུང་བོད་དེ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བཙན་འཛུལ་མ་བྱས་བར་དུ་བོད་ལ་རང་དབང་དང་རང་བཙན་ཡོད་པ་རེད། ཕྱི་ལོ་ ༡༩༥༠ མགོ་སྟོད་དུ་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་ཡོད་ཀྱང་། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན། བཙན་འཛུལ་གྱི་ཐོག་ནས་དབང་སྒྱུར་བྱས་པའི་རྒྱལ་ཁབ་དེ་ཁྲིམས་མཐུན་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་དང་། དེ་རིང་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུས་པ་དེས་རྒྱ་ནག་གི་དྲག་པོའི་ལམ་ལུགས་ལ་ཁས་ལེན་བྱེད་ཀྱི་མེད་པ་གསལ་པོ་རེད། སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ལོ་རྒྱུས་ཀྱི་དོན་རྐྱེན་འདི་དྲན་གསོ་ཞུ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས་སོང་།
ཚོགས་གཞོན་ཇི་རི་ལགས་ཀྱིས། བོད་ཀྱིས་དབུ་མའི་ལམ་གྱི་ཐབས་ལམ་ལ་དང་ལེན་བྱེད་འདོད་ཡོད་ཀྱང་། རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད། རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་། རིག་གཞུང་སོགས་རྩ་མེད་གཏོང་ཐབས་སུ་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་མུས་ཡིན་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་༼དགེ་འདུན་ཆོས་ཀྱི་ཉི་མ།༽མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པའི་སྐོར་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ། འཛམ་གླིང་ནང་ཡོད་པའི་དམངས་གཙོའི་རྒྱལ་ཁབ་ཁག་གིས་དྲང་བདེན་གྱི་གཞི་རྩ་དེ་དག་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བར་གང་ཐུབ་བྱེད་དགོས་ལ། འཛམ་གླིང་རྒྱལ་ཁབ་ཁག་གིས་གཅིག་སྒྲིལ་དང་དམིགས་ཡུལ་གཅིག་གྱུར། མཉམ་ལས་བྱས་པ་སོགས་ལ་བརྟེན་ནས་བོད་དེ་ཉིན་གཅིག་སླར་ཡང་རང་དབང་ཐོབ་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།





