སྲིད་སྐྱོང་མཆོག་གིས་མ་འོངས་པར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་མེད་ཚེ་ལེགས་སྦྱར་སྐད་ཡིག་ལྟར་ཆགས་ཉེན་ཡོད་པས་ང་ཚོས་སྲུང་སྐྱོབ་མཉམ་དུ་བཀོལ་སྤྱོད་ཚད་ལྡན་བྱ་དགོས་ཞེས་གསུངས་སོང་།

ཁ་སང་དང་དེ་རིང་ཉིན་གཉིས་རིང་བཞུགས་སྒར་དྷ་སའི་ཉེ་འདབས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཡོད་ཅིང་། ཚོགས་འདུའི་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་འདུག་ལ། ཐེངས་འདིའི་ཚོགས་ཆེན་ཐོག་དགོན་སྡེ་ཁག་དང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་བཅར་བ་ ༥༤ མཉམ་ཞུགས་གནང་འདུག
ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། དཔལ་ལྡན་བཀའ་ཤག་གིས་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་གལ་ཆེན་པོར་བརྩི་བཞིན་ཡོད་པ་དང་། ལས་གཞི་འདིར་ཆོས་རིག་ལས་ཁུངས་དངོས་སུ་འགན་འཁུར་བཞིན་ཡོད། བོད་ཀྱི་དགོན་སྡེ་དང་རིག་གཞུང་ལྟེ་གནས་ཁག་ཏུ་ཡིག་ཆ་རྙིང་པ་མང་པོ་ཡོད་ཀྱང་། དེ་དག་ཕྱོགས་བསྡུས་བྱས་ཏེ་བཤེར་འབེབ་ཀྱི་ཐོག་ནས་ཉར་ཚགས་ཡག་པོ་བྱས་ཡོད་པ་མ་རེད། ང་ཚོས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དྲ་རྒྱ་ཞིག་བཟོ་བཞིན་ཡོད། དེའི་ཐོག་ནས་ཉམས་ཞིབ་པ་དང་སློབ་གཉེར་བ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཡིག་ཆ་ལྟ་ཀློག་བྱ་དགོས་ཚེ། ཡིག་ཆ་ཁག་ལག་བྲིས་དང་ཤིང་པར། དེང་རབས་པར་སྐྲུན་སོགས་ལོ་དུས་དང་བརྗོད་གཞིའི་ཐོག་ནས་འཚོལ་ཐུབ་པར་སྟབས་བདེ་བཟོས་ཡོད། བཤེར་འབེབ་བྱས་པའི་ཡིག་ཆ་ཡོངས་རྫོགས་ལོ་མང་པོའི་རིང་ཉར་ཚགས་བྱས་ཏེ་ལྟ་ཐུབ་པ་ཞིག་བཟོ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་གྲངས་འཛིན་དཔེ་མཛོད་ནི་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་གལ་ཆེ་ཤོས་ཤིག་ལ་བརྩིས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སངས་རྒྱས་ཀྱི་བསྟན་པར་ཞབས་ཕྱི་ཞུ་ཐུབ་པ་དེ། གཞུང་ལུགས་གང་ཡོད་ཆ་ཚང་བདག་ཉར་བྱེད་ཐུབ་པ་དང་། མ་འོངས་པའི་མི་རབས་ཁྲོད་ཀྱི་དོན་གཉེར་བྱེད་མཁན་རྣམས་ལ་བཀོད་སྒྲིག་བྱེད་ཐུབ་པ་ཞིག་བཟོ་དགོས། ད་ལྟའི་དུས་ཚོད་འདིར་འཕྲུལ་ཆས་དང་འཕྲུལ་རིག་གི་ཐོག་འགྱུར་བ་ཆེན་པོ་འགྲོ་བསྡད་དུས། དེའི་རྗེས་ཟིན་པ་བྱས་ཏེ་བཅོས་མའི་རིག་ནུས་ཀྱང་བེད་སྤྱོད་བཟང་སར་གཏོང་དགོས། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྒྱུན་འཛིན་གྱི་དོན་གཉེར་བྱེད་པར་ད་ལྟའི་བྱེད་སྒོ་ལ་འབྲེལ་བ་ཡོད་པ་རེད། བོད་ཡིག་རྩ་ཆེན་པོ་ཡིན་པ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བསྟན་བདག་བླ་ཆེན་རྣམ་པས་བཀའ་གནང་ཡོད། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་མེད་ན་མ་འོངས་པར་ལེགས་སྦྱར་སྐད་ཡིག་བཞིན་ཆགས་འགྲོ་བའི་ཉེན་ཁ་ཡོད། ད་ལྟ་ང་ཚོས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་མཉམ་དུ་བཀོལ་སྤྱོད་ཚད་ལྡན་བྱ་དགོས། གདན་ས་ཁག་ཏུ་བོད་རིགས་ཙམ་མ་ཡིན་པར་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་མཁན་རྣམས་ཀྱིས་བོད་ཡིག་ཐོག་སློབ་གཉེར་བྱེད་པར་ཁ་ཕྱོགས་ཡག་པོ་ཞིག་འཛིན་དགོས། ཞེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་ཀྱི་གྲངས་འཛིན་དཔེ་མཛད་ཀྱི་ལས་གཞི་འདི་ལོ་གསུམ་ནང་ཚར་དགོས་ཡོད་ཀྱང་། ཨ་རིའི་རོགས་དངུལ་ཆད་པའི་དབང་གིས་ཕྱིར་འགྱངས་བྱེད་དགོས་བྱུང་བ་དང་། གང་ལྟར་རོགས་དངུལ་ཡོད་མེད་ལ་མ་བལྟས་པར་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ལེགས་འགྲུབ་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་སྤྱི་པའི་རྩ་དོན་ཞེས་པ་ཆབ་སྲིད་གཅིག་པོ་མ་རེད། ང་ཚོས་ནང་ཆོས་དང་བོད་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་པ་ཡིན་ན། ང་ཚོའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་འགྲུབ་ཀྱི་ཡོད་ཅེས་བཀའ་བསྩལ་ཡོད་ལ། ད་ལྟ་བར་དུ་རྒྱལ་སྤྱིའི་ཐོག་ང་ཚོར་རྒྱབ་སྐྱོར་ཐོབ་ཡོད་པ་དེ་གཙོ་བོ་ནང་ཆོས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། གཞན་བོད་སྤྱི་པའི་ཆབ་སྲིད་གཅིག་པོའི་ཐོག་ནས་ཡོང་གི་ཡོད་པ་མ་རེད། ངས་འཛམ་གླིང་ས་གནས་དང་ཆོས་ཚོགས་ཀྱི་མི་མང་པོར་ཐུག་ཡོད། ཁོང་ཚོ་དང་པོར་ནང་ཆོས་ལ་དོ་སྣང་བསླེབ་ཀྱི་ཡོད་པ་དང་། དེ་ནས་རིམ་བཞིན་བོད་ཀྱི་སྐོར་དང་ཆབ་སྲིད་ཀྱི་ཐོག་དོ་སྣང་ཡོང་གི་འདུག ང་ཚོའི་སྟོབས་དང་ནུས་པ་གང་ཡོད་པ་དེ་ངོས་འཛིན་དགོས། དེ་དག་གི་ནུས་པ་ཆེ་རུ་གཏོང་དགོས་པ་ལ། ང་ཚོའི་རང་ཉིད་ཀྱི་ཞན་ཆ་ཉུང་དུ་གཏོང་དགོས། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་བཞིན་ས་དགེ་བཀའ་རྙིང་བོན་བཅས་པའི་དགོན་སྡེ་ཁག་དང་སྒྲིག་འཛུགས་ཁག་ཚང་མ་མཉམ་རུབ་བྱས་ཏེ་ལས་ཀ་བྱས་ན་གྲུབ་འབྲས་ཐོན་ཐུབ་པ་གསལ་པོ་རེད། ཅེས་གསུངས་སོང་།
ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་བསྡུས་ཚོགས་སྡེའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་དྷ་ས་ཨིམ་པེ་རེལ་གསོལ་མགྲོན་ཁང་ (Imperial Heights) དུ། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཡོད་ཅིང་། ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་རཱ་དྷ་རཱ་ནི་ (Radharani Thakuria) ལགས་དང་། བྷ་ལ་ཀཱ་དྷེ་ (BalakaDey) ལགས། ནང་བསྟན་དཔེ་ཚོགས་ལྟེ་གནས་ (BDRC) ཀྱི་འགན་འཛིན་འབུམ་རམས་པ་ཇེན་རོ་ནི་སི་ (Jann Ronis) ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དེ་བཞིན་དགོན་སྡེ་ཁག་དང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ ༥༨ ཀྱི་དཔེ་མཛོད་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་སོགས་ཚོགས་བཅར་བ་ཁྱོན་ ༨༠ ཙམ་མཉམ་ཞུགས་གནང་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





