རྩིས་ལོ་༢༠༢༦ ་་་ ༢༠༢༧ ལོར་འཛིན་སྐྱོང་བཀག་ཤག་གིས་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་ཡོད་པའི་ཁྲོད། ཆབ་སྲིད་ལ་ཧིན་སྒོར་ས་ཡ་ ༧༩༦། ༦༩ དང་། སྤྱི་ཚོགས་བདེ་དོན་ཆེད་དུ་ཧིན་སྒོར་ས་ཡ་ ༢༢༥༥། ༢༣ ། དེ་བཞིན་འཛིན་སྐྱོང་ཆེད་དུ་ཧིན་སྒོར་ས་ཡ་ ༣༥༥། ༥༠ བཅས་ཡིན་འདུག
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦ དང་ ༢༠༢༧ ལོའི་སྔོན་རྩིས་འགོད་འབུལ་གསུང་བཤད་གནང་སྐབས། བཀའ་ཤག་སྐབས་འདིས་རང་ཁ་རང་གསོའི་ཕུགས་དམིགས་སྲིད་ཇུས་དོན་འཁྱོལ་ཡོང་སླད། འདས་པའི་རྩིས་ལོ་བཞིའི་ནང་སྤྱི་པའི་འཛུགས་སྐྲུན་ཐོག་འགྲོ་སོང་ཤུགས་ཆེར་བཏང་ཡོད་པ་དང༌། ལོ་ཤས་ནང་གཞིས་སྤོ་ལས་གཞི་སོགས་སྤྱི་པའི་འཛུགས་སྐྲུན་གྱི་ལས་གཞི་འདི་དག་འགྲུབ་པ་ཡིན་ན། མ་འོངས་པར་ཆབ་སྲིད་དང༌། ཤེས་ཡོན། འཕྲོད་བསྟེན་བཅས་གཙོ་བོར་གྱུར་བའི་ལས་གཞི་ཁག་གི་ཐོག་ལ་དམིགས་གཏད་འཛིན་ཆོག་གི་ཡོད། བོད་མིའི་སྤྱི་ཚོགས་ནང་ཁུལ་ནས་གཅིག་ཕན་གཅིག་གྲོགས་ཀྱི་སྤྱི་སྨན་ལས་གཞི་འདྲ་མིན་སྤེལ་བཞིན་པ་དེ་རིགས་མུ་མཐུད་ཤུགས་ཆེར་གཏོང་ཐུབ་ཚེ། རང་ཁ་རང་གསོའི་ཁ་ཕྱོགས་སུ་བསྐྱོད་པའི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད། ལོ་འཁོར་སྔོན་རྩིས་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་རོགས་དངུལ་ལ་བརྟེན་པའི་སྒྲིག་འཛུགས་ཤིག་ལ་མཚོན་ན། རོགས་དངུལ་འགག་པ་དང་ཆད་པའི་གནས་སྟངས་དུས་དང་རྣམ་པ་ཀུན་ཏུ་ཡོང་མི་སྲིད་པ་མིན་སྟབས། ལོ་བསྟར་ཆགས་སུ་འཛིན་སྐྱོང་གི་ངོས་ནས་མུ་མཐུད་ཞབས་སྐུལ་དང་། ཐབས་འཚོལ་བྱེད་དགོས་ཆགས་ཀྱི་ཡོད། སྔ་ལོར་མཚོན་ན། ཨ་རིའི་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ལ་རོགས་དངུལ་བཀག་བསྐྱིལ་བྱས་ཡོད་ནའང་། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། འབྲེལ་ཡོད་ཚང་མས་ནུས་པ་མཉམ་སྤུངས་གནང་བའི་འབྲས་བུར་འཛམ་གླིང་ཧྲིལ་པོར་ཨ་རིའི་རོགས་དངུལ་བསྐྱར་གསོ་བྱེད་ཐུབ་མཁན་ཉུང་ཤས་ཤིག་ལས་མེད་པའི་ཁོངས་ནས། ང་ཚོའི་རོགས་དངུལ་ཕྱེད་ཀ་ཙམ་བསྐྱར་གསོ་ཐུབ་པ་བྱུང་ཡོད་ལ། རོགས་དངུལ་ལྷག་མ་རྣམས་ཀྱང་རག་ཐབས་འབད་བརྩོན་ཞུ་བཞིན་ཡོད། ༢༠༢༦ ལོའི་ཨ་རིའི་སྔོན་རྩིས་ཀྱི་གཏོང་ལེན་ཁྲིམས་ཡིག་ (Appropriation Act) ནང༌། བཙན་བྱོལ་བོད་མིའི་ཆེད་ཨ་རིའི་རོགས་དངུལ་མུ་མཐུད་བཀའ་འཁྲོལ་ཐོན་ཡོད་ནའང༌། ཡིན་ཤག་བྱ་རྒྱུ་མེད་སྟབས། ཨ་རིའི་འཛིན་སྐྱོང་ནས་རོགས་དངུལ་ཆ་ཚང་ཐོབ་ཐབས་ཀྱི་ཐབས་ལམ་ལ་བསྐོར་ལུང་བསྐོར་གྱིས་འཚོལ་བཞིན་ཡོད། ད་ལོའི་ཨ་རིའི་སྔོན་རྩིས་ཀྱི་གཏོང་ལེན་ཁྲིམས་ཡིག་འདིའི་ཆེད་དུ་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཚིག་བརྗོད་གསར་འཇུག་གནང་ཡོད་པ་འདིས་མ་འོངས་པར་ཨ་རིའི་གཞུང་ནས་ང་ཚོར་རོགས་དངུལ་ཐད་ཀར་སྤྲོད་ལེན་གྱི་ལམ་ཀ་ཞིག་ཆགས་སྲིད་སྟབས། ང་ཚོའི་ངོས་ནས་དེ་དང་བསྟུན་པའི་མིའི་ནུས་པ་སྐྱེད་སྲིང་གིས་མཚོན་པའི་འོག་གྲ་སྒྲིག་བཞིན་ཡོད། ཅེས་གསུངས་འདུག
ཡང་གསུང་བཤད་ནང་། བཀའ་ཤག་སྐབས་འདིའི་རིང་། རོགས་དངུལ་བཀག་བསྐྱིལ་གྱི་ཐོལ་བྱུང་དཀའ་ངལ་འཕྲད་པ་བྱུང་ཡོད་ནའང༌། ཕྱོགས་ཚང་མར་འབྲེལ་གཏུགས་ཀྱིས་རོགས་དངུལ་ཐབས་འཚོལ་བྱས་ཏེ། ལས་གཞི་ཆེ་ཁག་ཕལ་ཆེ་བ་མཚམས་འཇོག་མ་དགོས་པར་མུ་མཐུད་མཇུག་སྐྱོང་བྱེད་ཐུབ་པ་བྱུང་ཡོད། ད་ལོའི་སྔོན་རྩིས་འཆར་འབུལ་ནང་དམིགས་བསལ་ལས་གཞི་གསར་པ་རིགས་བཀོད་མེད་ཀྱང་། ལས་གཞི་མུ་མཐུད་མཇུག་སྐྱོང་དགོས་པའི་ཁོངས་སུ། སློབ་གྲྭ་དང༌གཞིས་ཆགས་སྲ་བརྟན་ཡོང་སླད་གཞིས་སྤོ་ལས་གཞི་དང༌། སྨན་ཁང་། མི་མང་གི་དགོས་མཁོ་ཡོད་པའི་སྤྱི་པའི་འཛུགས་སྐྲུན་རིགས་མུ་མཐུད་འཆར་འབུལ་ཞུ་བཞིན་ཡོད་པས། འབྲེལ་ཐོགས་ཚང་མས་འཛུགས་སྐྲུན་རྣམ་གྲངས་འདིའི་རིགས་སྤྱི་ཚོགས་རྒྱུན་གནས་ཀྱི་གཞི་རྟེན་དང་། བོད་དོན་འཐབ་རྩོད་ཀྱི་རྨང་གཞིའི་ཆ་ཤས་ལ་ངོས་འཛིན་གནང་སྟེ་བདག་གཅེས་ཚད་ལྡན་གནང་རྒྱུ་གལ་ཆེར་མཐོང༌། ཞེས་དང་། ད་ལྟ་འགྲོ་བཞིན་པའི་རྩིས་ལོ་ ༢༠༢༥ ་་་ ༢༦ སྔོན་རྩིས་བཀའ་འཁྲོལ་ལྟར་བྱུང་འཆར་ནས་སོང་འཆར་འཐེན་འཕྲོས་སྔོན་རྩིས་མ་དངུལ་ལྷག་འཆར་ཧིན་སྒོར་ས་ཡ་ ༢༨༠་༥༡ དང༌། ཟུར་བཀོལ་ནས་འཕར་མ་འགྲོ་འཆར་ཧིན་སྒོར་ས་ཡ་ ༣༤༨་༢༨ བྱེད་ཀྱི་འདུག ལྷག་བསྡད་ངོ་མ་ཇི་ཡིན་རྩིས་ལོ་ ༢༠༢༧་་་༢༨ ལོའི་སྔོན་རྩིས་འཆར་འབུལ་སྐབས་གསལ་པོ་ཆགས་རྒྱུ། ཞེས་དང་། འཆར་ལོའི་སྔོན་རྩིས་ནང་རྒྱུན་གྲོན་དང་དམིགས་བསལ་ཆེད་འགྲོ་འཆར་ས་ཡ་ ༡༢༨༧་༠༢ ཐོག ཟུར་བཀོལ་གྱི་འགྲོ་འཆར་ས་ཡ་ ༡༧༧༣་༣༥ དང༌། སྔོན་རྩིས་མ་དངུལ་ལྷག་བསྡད་ནས་ནང་སྲིད་དང་། འཕྲོད་བསྟེན། ཤེས་རིག ཆོས་རིག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཀྱི་ཟུར་བཀོལ་རྩིས་འགོ་སོ་སོར་བསྡོམས་ཧིན་སྒོར་ས་ཡ་ ༣༤༧་༠༥ བཅས་ཁྱོན་བསྡོམས་ས་ཡ་ ༣༤༠༧་༤༢ བྱེད་ཀྱི་ཡོད། ཅེས་གསུངས་སོང་།
དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གི་རྩིས་ལོ་ ༢༠༢༦ ་་་ ༢༧ ལོའི་སྔོན་རྩིས་འགོད་འབུལ་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་ཆོས་གྲགས་རྒྱ་མཚོ་མཆོག་གི་རྩིས་ལོ་ ༢༠༢༦ དང་ ༢༠༢༧ ལོའི་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་འབྲེལ་ནས། སྤྱི་འཐུས་ཉེར་ལྔ་ལྷག་གིས་དགོངས་ཚུལ་དང་དོགས་འདྲི་སོགས་བྱས་སོང་ལ། དེ་དག་ལ་སང་ཉིན་གྱི་ཚོགས་ཐུན་སྟེང་ལན་འདེབས་གསལ་བཤད་གནང་རྒྱུ་ཡིན་པ་དང་། དེ་རིང་གི་ལས་ཉིན་དང་པོའི་སྟེང་མདོ་སྟོད་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་དང་རྒྱལ་ལྡོང་ཕུར་བ་རྡོ་རྗེ་ལགས། ཆོས་འཕེལ་ཐུབ་བསྟན་ལགས། མདོ་སྨད་སྤྱི་འཐུས་དགེ་བཤེས་གངས་རི་ལགས་དང་། དོན་འགྲུབ་བཀྲ་ཤིས་ལགས་བཅས་ཀྱིས་ཚོགས་ཞུགས་གནང་མེད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།