འདས་ལོར་ཨ་རིས་འཛམ་གླིང་ཡོངས་སུ་རོགས་དངུལ་བཀག་རྗེས་འཛིན་སྐྱོང་བཀའ་ཤག་གིས་ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་བྱུང་ཡོད་འདུག

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་གཉིས་པའི་ཚོགས་ཐུན་དང་པོའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦ དང་ ༢༠༢༧ ལོའི་སྔོན་རྩིས་འགོད་འབུལ་གསུང་བཤད་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སྐབས། ཨ་རིའི་རོགས་དངུལ་ཆད་རྗེས་སླར་ཡང་བསྐྱར་གསོ་བྱུང་ནས་ཨ་སྒོར་ས་ཡ་བདུན་རག་ཡོད་སྐོར་སོགས་གསུངས་སོང་།
དཔལ་འབྱོར་བཀའ་བློན་མཆོག་གིས། ཨ་རིའི་རོགས་དངུལ་གློ་བུར་ཆད་སྐབས། ང་ཚོའི་ཕྱི་ཟླ་གསུམ་པའི་ལོ་འཁོར་སྔོན་རྩིས་ཚར་ཡོད་མ་རེད། ཕྱི་ཟླ་ ༣ ཚེས་ ༣༡ བར་འགྲོ་དགོས་དུས། ང་ཚོར་ཕྱི་ཟླ་ ༡ ཚེས་ ༢༠ ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་འགྲོ་སོང་གཏང་རྒྱུའི་དཀའ་ངལ་ཞིག་ཕྲད་པ་རེད། སྔོན་རྩིས་བཀའ་འཁྲོལ་ནང་ཡོད་བཞིན་པའི་རོགས་དངུལ་ལ་བརྟེན་དགོས་པ་གང་ཞིག་ལག་སོན་མེད་པ་ཆགས་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་བཀའ་ཤག་གིས་ངོས་ནས་ཐབས་ཤེས་བྱས་ཏེ། ང་ཚོས་དཀའ་ངལ་དེ་སེལ་ཐུབ་པ་ཞིག་བྱུང་བ་རེད། ང་ཚོའི་རྩིས་ཀྱི་འགྲོ་སྟངས་དང་ཨ་རིའི་སྔོན་རྩིས་ཐག་གཅོད་ཀྱི་བརྒྱུད་རིམ་གཞི་བཟུང་། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ བར་གྱི་གནས་སྟངས་དེ་དེ་འདྲ་ཞིག་རེད། ཨ་རིའི་རོགས་དངུལ་དེ་ཕྱི་ཟླ་ ༧ པའི་བར་མཚམས་ཆད་པ་རེད། ཕྱི་ཟླ་ ༧ པའི་འཁྲུངས་ལྷ་ཡར་གསོལ་གྱི་སྔོན་ལ་སླར་གསོ་བྱེད་ཀྱི་ཡིན་ཟེར་བ་དེ་ཡང་། རོགས་དངུལ་སླར་གསོ་ཞུ་སླད་འབད་བརྩོན་མང་པོ་ཞིག་ཞུས་ནས། ཕྱོགས་མང་པོ་ཞིག་ནས་ཚང་མས་སྐུ་ལས་བསྐྱོན་ནས་སླར་གསོ་བརྒྱ་ཆ་བརྒྱ་ཡོང་སླད་ཞུས་པ་རེད་དེ། ཨ་རིའི་གཞུང་གིས་སླར་གསོ་བྱས་པའི་རོགས་དངུལ་དེ་ས་ཡ་བདུན་ཡིན་ཞེས་གསུངས་སོང་།
ཡང་ཁོང་གིས། ཨ་རིའི་རོགས་ཚོགས་ཀྱི་ཁོངས་སུ་གཏན་འབེབས་བྱས་པའི་ནང་ས་ཡ་བཅུ་གཉིས་ཡོད་པ་ལས། ས་ཡ་བདུན་དེ་སླར་གསོ་ཐུབ་པ་བྱུང་བ་དང་། སླར་གསོ་བྱེད་མ་ཐུབ་པའི་དངུལ་འབོར་དེ་ས་ཡ་ལྔ་དང་འབུམ་གཉིས་ཙམ་ཞིག་ཡིན་པ་ལས། ས་ཡ་གསུམ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་འཕེལ་རྒྱས་གཏོང་བའི་ལས་གཞིའི་ཆེད་དང་། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ཆེད་ས་ཡ་གཉིས་བཅས་ས་ཡ་ལྔ་ཆགས་ཀྱི་ཡོད་རེད། ལས་གཞི་དེ་གཉིས་ཀ་དཔལ་འབྱོར་བཀའ་བློན་གྱི་གསུང་བཤད་ནང་གསལ་བཞིན་མྱུར་ཚད་དེ་ཅུང་ཙམ་འགོར་བ་རེད་དེ། ད་ལྟའང་རྒྱུན་མ་ཆད་པར་རྒྱུན་འཁྱོངས་བྱས་ནས་འགྲོ་མུས་ཡིན། ཞེས་གསུངས་སོང་།
དཔལ་འབྱོར་བཀའ་བློན་མཆོག་གིས། ཕྱི་ཟླ་ ༧ ནང་རོགས་དངུལ་ས་ཡ་བདུན་བསྐྱར་གསོ་བྱུང་བ་རེད་དེ། མི་འབོར་དང་། སྐྱབས་བཅོལ་བ། གནས་སྤོར་སོགས་ཀྱི་དཀའ་ངལ་འཕྲད་མཁན་གྱི་ཆེད་དུ། དེ་སྔ་ཡིན་ན་ས་ཡ་གཉིས་དང་འབུམ་དྲུག་ཅིག་རག་གི་ཡོད་རེད། དེ་རིམ་པས་མར་བཅག་ནས་ས་ཡ་གཉིས་ཆགས་པ་རེད། དེ་ཨ་རིའི་རོགས་དངུལ་གྱི་རྩིས་ཁོངས་སུ་མ་རེད། དེ་ཨ་རིའི་རྩིས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་ལོགས་སུ་དངུལ་རྡོག་རྡོག་ཅིག་འཛམ་གླིང་སྤྱི་ལ་ཡོད་པ་དེ་བོད་པ་ལ་མུ་མཐུད་ནས་སྤྲད་ཀྱང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༦ ཉིན་ཕྱག་ཡིག་ཅིག་འབྱོར་ནས་མི་འབོར་དང་། སྐྱབས་བཅོལ། གནས་སྤོར་གྱི་རོགས་དངུལ་དེ་འཛམ་གླིང་ཡོངས་ལ་ཆད་པ་རེད། སྐབས་དེར་ཁྱོན་རོགས་དངུལ་ས་ཡ་བཅུ་བཞི་ཙམ་ཆད་པའི་ཁོངས་ཨ་རིའི་རོགས་དངུལ་ས་ཡ་བཅུ་གཉིས་དང་གནས་སྤོར། སྐྱབས་བཅོལ་གྱི་རོགས་དངུལ་ས་ཡ་གཉིས་ལྷག་ཡིན། ད་ལྟ་སླར་གསོ་ཐུབ་པ་དེ་ས་ཡ་དྲུག་ལྷག་ཆགས་ཀྱི་ཡོད། ཅེས་དང་། སྤྱིར་ཨ་རིའི་གཞུང་གིས་སྔོན་རྩིས་བཀའ་འཁྲོལ་སྤྲད་བཞག་པ་དེ། དཔེར་ན། ཕྱི་ལོ་ ༢༠༢༦ ལོར་སྔོན་རྩིས་བཀའ་འཁྲོལ་སྤྲད་ན། བེད་སྤྱོད་གཏོང་སླད་རོགས་དངུལ་རག་སར་ལོ་རྗེས་མ་མ་གཏོགས་རག་གི་ཡོད་མ་རེད། དེར་བརྟེན་བཀའ་འཁྲོད་སྤྲད་རྒྱུ་དང་ལག་ལ་རག་རྒྱུའི་བར་ལ་ལོ་གཅིག་གི་ཧེ་བག་ཅིག་ཡོད་རེད་ལ། དེ་བཞིན་སྔོན་རྩིས་རྩིས་མཚམས་འཛིན་སྟངས་དེའང་ཨ་རིའི་ལས་གཞི་དེ་དག་གི་རྩིས་མཚམས་དེ་ཕྱི་ཟླ་ ༡༠ ཚེས་ ༡ ནས་འཛིན་དགོས་ཀྱི་ཡོད་པ་དང་ཕྱི་ཟླ་ ༩ ཚེས་ ༣༡ ལ་རྫོགས་འགྲོ་ཡི་ཡོད་རེད། རྒྱ་གར་ནང་གི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གྱི་རྩིས་མཚམས་འཛིན་སྟངས་དང་། ཨ་རིའི་ལས་གཞི་ལག་བསྟར་གྱི་རྩིས་མཚམས་འཛིན་སྟངས་བར་ཟླ་བ་དྲུག་གིས་ཁྱད་པར་ཞིག་འགྲོ་ཡི་ཡོད་རེད། ཡང་རོགས་ཚོགས་ཁག་ཅིག་གིས་ཕྱི་ཟླ་ ༧ པའི་ནང་ནས་རྩིས་མཚམས་འཛིན་སྟངས་དེ་འདྲའང་ཡོད་པ་ཞིག་རེད། རོགས་ཚོགས་འདྲ་མི་འདྲ་ཡི་རྩིས་མཚམས་འཛིན་སྟངས་འདྲ་མི་འདྲ་ཡོད་སྟབས། ང་ཚོས་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་འགྲོ་དགོས་ཀྱི་ཡོད་སྟབས། དེའི་བར་གྱི་བཀའ་འཁྲོལ་ཞུ་སྟངས་དང་བརྒྱུད་རིམ་དེ། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་ལའང་བཀོད་པ་བཞིན། བར་བརྒལ་བཀའ་འཁྲོལ་བརྒྱ་ཆ་ ༡༣ ཡོད་པ་དེའང་གནད་འགག་ཅིག་གི་ཐོག་ནས་ཕལ་ཆེར་བཀོད་ཡོད་པ་རེད། དེ་སྔའང་ཞིབ་འཇུག་བྱེད་སྐབས་བར་བརྒལ་བཀའ་འཁྲོལ་བརྒྱ་ཆ་ ༢༠ ཅན་ཡང་བྱུང་ཡོད་པ་རེད་ལ། དེའང་རྩིས་མཚམས་འཛིན་སྟངས་མི་འདྲ་བ་ཡོང་གི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བར་བརྒལ་བཀའ་འཁྲོལ་ཞུ་དགོས་པ་ཞིག་བྱུང་གི་ཡོད་རེད། ཅེས་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་དུ། སྤྱིར་ཨ་རིའི་རོགས་དངུལ་དེ་ཕྱི་ཟླ་ ༧ པའི་ནང་བསྐྱར་གསོ་བྱེད་ཀྱི་ཡིན་ལབ་པ་རེད་དེ། གཞུང་གི་ལས་བྱེད་མང་པོ་ཞིག་ཉུང་དུ་བཏང་ཚར་ཡོད་དུས། ང་ཚོས་ལ་སྐོར་ལུང་སྐོར་ཟེར་དོན་ཡང་ཕྱི་སྲིད་ལས་ཁུངས་ལའང་མུ་མཐུད་དུ་འབྲེལ་བ་ཞིག་བཞག་དགོས་ཀྱི་ཡོད་པ་རེད། དེ་བཞིན་ད་ལྟའང་ཊོམ་ཕུ་མཆོག་གི་སྲིད་གཞུང་གིས་ལོ་གཉིས་ཀྱི་ནང་ལ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་ཐུབ་པ་དེའང་། སྐབས་སྔོན་མ་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཞིག་རེད། སྐབས་སྔ་མར་ལོ་བཞི་བའི་མཇུག་རྫོགས་མཚམས་མ་གཏོགས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་ཐུབ་མེད་པ་རེད། ཨ་རིའི་རོགས་དངུལ་ལེན་དགོས་ན་ཆ་རྐྱེན་གསུམ་ཚང་དགོས་ཏེ། ཨ་རིར་ཁེ་ཕན་གང་ཡོད་པ། ཨ་རིའི་བདེ་འཇགས་ལ་ཁེ་ཕན་ག་རེ་ཡོད་མེད། ཨ་རིའི་དཔལ་འབྱོར་ལ་ཁེ་ཕན་ག་རེ་ཡོད་མེད་ཀྱི་སྤྱི་ཡོངས་ཀྱི་སྒྲོམ་གཞིའི་འོག་འགྲོ་དགོས་པ་རེད། ང་ཚོ་ལ་དངུལ་སྤྲད་པ་དེའང་བོད་ཀྱི་གནད་དོན་དང་འབྲེལ་ནས། རྒྱ་ནག་དང་འབྲེལ་བ་ཡོད་པའི་ཐོག་ནས་ཨ་རི་ལ་ཁེ་ཕན་ག་རེ་ཡོད་མེད་འགྲེལ་བཤད་རྒྱག་ཡ་དེ་གང་འཚམ་ལས་སླ་པོ་ཡོད་རེད། ཅེས་དང་། ང་ཚོས་བོད་ཀྱི་ཐེབས་རྩ་ལ་ཉེ་བོ་དང་གཅེས་པོ་བྱ་དགོས་པའི་རྒྱུ་མཚན་དམིགས་བསལ་གང་ཡང་ཡོད་མ་རེད། ཡིན་ན་ཡང་། དངོས་ཡོད་ཀྱི་གནས་སྟངས་ཀྱི་ཐོག་ནས་ད་བར་ཨ་རིའི་དངུལ་ཞིག་ལེན་དགོས་ན། ཕར་ཕྱོགས་ཀྱི་དེབ་སྐྱེལ་བྱས་ཟིན་པའི་སྒྲིག་འཛུགས་བརྒྱུད་ནས་ལེན་དགོས་དུས། ད་ལྟ་བོད་ཀྱི་ཐེབས་རྩ་ཁྲལ་ལེན་མཁན་དམའ་ཤོས་ཆགས་ཀྱི་ཡོད་རེད། འཛིན་སྐྱོང་གི་རོགས་དངུལ་ལས་བརྒྱ་ཆ་དགུ་ཆགས་ཡོད་པ་དང་། གཞན་པ་ཚོས་བརྒྱ་ཆ་བཅོ་ལྔ། ཉི་ཤུ། ཉི་ཤུ་རྩ་ལྔ་སོགས་སྤྲད་དགོས་པ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། མ་འོངས་པ་ང་ཚོའི་སྒྲིག་འཛུགས་དེ་ཚད་ལྡན་ཞིག་བཟོ་དགོས་ན། ལམ་ཁ་དེ་ག་རང་ནས་འགྲོ་དགོས་ཀྱི་ཡོད་པ་རེད། དེ་འགྲོ་ཐུབ་པའི་ཆེད་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་། ཨ་རིའི་རོགས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ལ་ཁ་ཐུག་རག་ཐུབ་པའི་ཆེད་དུ་འབུད་རྒྱག་རྒྱག་གི་ཡོད་པ་རེད། འོན་ཀྱང་། རོགས་དངུལ་ཁ་ཐུག་རག་ཐུབ་པ་གཅིག་པུ་མ་ཡིན་པར་སྒྲིག་འཛུགས་ནང་ཚང་མ་ནུས་པ་ལྡན་པ་བཟོ་ཐུབ་ན་ཏག་ཏག་ཡོད་པ་ལས། དེ་མིན་རིམ་པ་བྱས་ནས་འགྱུར་བ་གཏོང་གི་གཏོང་གི་འགྲོ་ཐུབ་ན་མ་གཏོགས། གློ་བུར་དུ་གོམ་པ་ཆེན་པོ་བརྒྱབ་ནས་རྗེས་མ་དཀའ་ངལ་ཆེན་པོ་རེ་འཕྲད་མི་སྲིད་པ་མ་རེད། ཅེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





