བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་མ་འོངས་པར་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་འབྲེལ་ནས་ཡིག་ཐོག་ཏུ་ཕབ་སྟེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཇོག་ཐུབ་དགོས་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ། རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་ཀྱིས་བརྩམས་པའི་བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས་སོང་། སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། དེ་རིང་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་མོ་དང་བསྟུན། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རླབས་ཆེན་གྱི་བློས་གཏོང་བྱས་ཡོད་པ་དང་། རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་ཀྱིས་འདས་པའི་ལོ་ངོ་ ༡༤ རིང་དཀའ་ལས་བརྒྱབ་པའི་ལ་རྒྱའི་བློས་གཏོང་བྱས་ཡོད་པ་རེད། ལ་རྒྱ་དེ་དག་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་བོད་མི་རིགས་དང་འཇིག་རྟེན་ཐོག་སྤེལ་ཐུབ་དགོས་ཀྱི་ཡོད་པ་མ་ཟད། ནང་དོན་གྱི་ཆ་ནས་ཕུན་སུམ་ཚོགས་པོ་དང་གནད་འགག་ཆེན་པོ་ཡིན་པ། ཆབ་སྲིད་དང་མི་རིགས་དང་འབྲེལ་བ་ཡོད་པར་བརྟེན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་འགྲེམས་ཞུས་པ་ཡིན། མ་འོངས་པར་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་འབྲེལ་ནས་ཡིག་ཐོག་ཏུ་ཕབ་སྟེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཇོག་ཐུབ་དགོས་གལ་ཆེན་པོ་རེད། ཡིག་ཆ་གལ་ཆེན་པོ་དེ་དག་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཞག་ཟིན་རྗེས། དབྱིན་ཡིག་དང་རྒྱ་ཡིག་སོགས་སྐད་ཡིག་གཞན་དུ་བསྒྱུར་ནས་རྒྱལ་སྤྱིའི་མཐོ་སློབ་ཁག་ཏུ་འགྲེམས་སྤེལ་དང་། སློབ་ཚན་གྱི་ངོ་བོར་འགྲོ་ཐུབ་རྒྱུའི་རེ་བ་དང་དམིགས་ཡུལ་ཆེན་པོ་ཡོད། ཅེས་བརྗོད་སོང་།
རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས། ད་ལྟ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོད་དོ་ཅོག་གི་བྱེད་སྒོ་མཐའ་དག་ཆབ་སྲིད་དང་མ་འབྲེལ་བའི་ལས་ཀ་ཞིག་ཡོད་རེད་བསམ་གྱི་མེད། ཆབ་སྲིད་ཟེར་བ་དེ་ལ་མིག་ལོག་བལྟ་བ་དང་། ལག་པ་འཆང་མི་ཆོག་པ་ཞིག་རེད་ཟེར་བའི་བསམ་བློ་ཞིག་ཡོང་གི་འདུག དེ་ལ་ཡིད་གཟབ་བྱེད་དགོས་ཀྱི་འདུག ཆབ་སྲིད་ཀྱི་ཐ་སྙད་ནི་ཆབ་ཟེར་བ་ཆུ་དང་། སྲིད་ཟེར་ན་ཐུབ་པའམ་ནུས་པ། ཆོག་པ་རེད། དེར་བརྟེན་ཆུ་མེད་ན་ཚེ་སྲོག་མེད། ཆབ་སྲིད་མེད་ན་འཐབ་རྩོད་མེད་པ་རེད། ང་ཚོས་ཐུགས་ལ་འཇོག་དགོས་ཀྱི་རེད་བསམ་གྱི་ཡོད། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་། བོད་ནང་དང་བཙན་བྱོལ་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད། རྒྱ་ནག་གི་བཙན་གནོན་ལ་འགོག་རྒོལ་བྱེད་བཞིན་པ་རེད། འགོག་རྒོལ་གྱི་བརྒྱུད་རིམ་ནང་ནས་འཚེ་མེད་ཞི་བའི་ཐོག་ནས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་རེད། ཆབ་སྲིད་དང་འཐབ་རྩོད་ལ་སྒྱུ་རྩལ་གྱི་ངོ་བོའི་ཐོག་ནས་གསོན་ཤུགས་སྦྱིན་ཐུབ་ཀྱི་ཡོད་པ་རེད། བོད་མིའི་ལས་དབང་དེ་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་གི་ཡོད་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཀའ་ངལ་སེལ་བར་འཐབ་རྩོད་ལ་ཐུག་གི་ཡོད་པ་རེད། འཐབ་རྩོད་དེ་རྒྱུན་གནས་ཐུབ་ཀྱི་ཡོད་མེད་དང་། དེ་ལ་གསོན་ཤུགས་སྦྱིན་པར་རྩོམ་རིག་སྒྱུ་རྩལ་ལ་འབྲེལ་བ་ཡོད་པ་རེད། རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་ཀྱིས་བསྐལ་བའི་མེ་འཕྲིན་དམར་པོ་ཞེས་པའི་སྙན་དེབ་བརྩམས་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།
སྙན་དེབ་དེའི་རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་ཀྱིས། བསྐལ་བའི་མེ་འཕྲིན་དམར་པོའི་བརྗོད་བྱ་གཙོ་བོ་ནི་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་རེད། སྤྲིན་གྱི་ཕོ་ཉའི་རྩོམ་སྒྲིག་གི་འབྲི་ཐབས་ལ་དཔེ་བླངས་ཏེ། བྱ་ཁུ་བྱུག་གིས་ཨ་མ་རྒྱ་མཚོ་ལྷ་མོ་ལགས་ལ་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་གང་འདྲ་ཞིག་ཡིན་མིན་རེ་རེ་བྱས་ནས་བཤད་དེ་ཡི་གེ་བསྐུར་བའི་རྣམ་པའི་ཐོག་ནས་བྲིས་ཡོད། དེ་བཞིན་ཨ་མ་རྒྱ་མཚོ་ལྷ་མོ་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་གང་འདྲ་བྱས་ནས་དྲན་གྱི་ཡོད་མེད་དང་། སྐྱོ་གདུང་གང་འདྲ་ཡོད་མེད་སོགས་བྲིས་ཡོད། སྙན་དེབ་འདི་བྲིས་པའི་རྒྱུ་མཚན་ནི་གཞིས་བྱེས་གཉིས་སུ་ཡོད་པའི་དཔའ་བོའི་སྡུག་བསྔལ་གང་འདྲ་ཡིན་མིན་སོགས་རིམ་པ་བྱས་ནས་བསྟན་ཡོད། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི་ངའི་སློབ་ཕྲུག་རེད། བརྗོད་གཞི་འདི་བདམས་དགོས་པའི་རྒྱུ་མཚན་ནི་སོ་སོའི་སློབ་ཕྲུག་ཡིན་པ་དང་། རང་དབང་ལུང་པའི་ནང་གཞོན་སྐྱེས་གཅིག་གིས་རང་ལུས་མེར་བསྲེགས་པ་དང་། ཁ་ཆེམས་ཡི་གེ་བྲིས་པ་སོགས་དཔང་རྟགས་ཆ་ཚང་ཡོད་པར་བརྟེན། འཛམ་བུ་གླིང་ལ་རང་ལུས་མེར་བསྲེགས་པའི་རྒྱུ་རྐྱེན་དེ་སུ་ལ་ཐུག་ཡོད་མེད་སོགས་གསལ་པོ་བཟོ་རྒྱུའི་ཆེད་དུ་ཡིན། ཞེས་བརྗོད་བྱུང་།
ལྷ་མོ་དོན་གྲུབ་ལགས་ཀྱིས། སྙན་རྩོམ་འདིའི་ནང་རབ་བྱེད་ལྔ་རུ་དབྱེ་ཡོད་པ་དང་། རབ་བྱེད་དང་པོའི་ནང་གླེང་སློང་གི་སྐོར་རེད། བྱ་ཁུ་བྱུག་གིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཨ་མ་ལགས་ལ་འཕྲིན་ཡིག་ཅིག་བསྐུར་རོགས་གནང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དོན་དག་ཡིན་པས་འཕྲིན་ཡིག་དེ་བསྐུར་རོགས་གནང་ཞེས་གསལ་ཡོད་པ་དང་། རབ་འབྱེད་གཉིས་པའི་ནང་རང་ལུས་མེར་བསྲེགས་པའི་རྒྱུ་རྐྱེན་གང་འདྲ་ཞིག་ཡིན་མིན་དང་། བོད་ས་ཡོངས་སུ་རྫོགས་པ་ཤོར་བ་ནས་བཟུང་ད་བར་རྒྱ་ནག་གིས་བོད་མི་རིགས་ལ་སྡུག་པོ་ག་ཚོད་བཏང་ཡོད་མེད་ཀྱི་རྒྱུ་རྐྱེན་ཆ་ཚང་བ་བཀོད་ཡོད། རབ་བྱེད་གསུམ་པའི་ནང་བྱ་ཁུ་བྱུག་དེ་དྷ་རམ་ས་ལ་ནས་བལ་ཡུལ་བརྒྱུད་བོད་ཁམས་རྟའུ་བར་དུ་འཕུར་བའི་ཡུལ་ཁམས་དང་། ཆབ་སྲིད། ལོ་རྒྱུས་ཀྱི་རིག་གནས་སོགས་བཀོད་ཡོད། རབ་བྱེད་བཞི་པའི་ནང་ཁམས་རྟའུ་རུ་དངོས་སུ་བྱ་ཁུ་བྱུག་གིས་ཨ་མ་རྒྱ་མཚོ་ལྷ་མོ་ལགས་ལ་འཕྲིན་ཡིག་དངོས་སུ་སྐྱེལ་བའི་སྐབས། ཨ་མ་རྒྱ་མཚོ་ལྷ་མོ་ལགས་རེ་སྒུག་དང་སྐྱོ་གདུང་གི་རྣམ་པའི་ཐོག་ནས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་གང་འདྲ་དྲན་གྱི་ཡོད་མེད་སོགས་གསལ་ཡོད། རབ་བྱེད་ལྔ་པའི་ནང་ཀློག་པ་པོའི་རེ་འདུན་ཁ་སྐོང་བའི་ཆེད་དུ་བྱ་ཁུ་བྱུག་དེ་ཁམས་རྟའུ་རུ་འཕུར་ནས་ཨ་མ་རྒྱ་མཚོ་ལྷ་མོ་ལགས་དངོས་སུ་ཐུག་པ་དང་། དེ་ནས་གཞིས་བྱེས་གཉིས་ཀྱི་སྡུག་བསྔལ་ཆ་ཚང་བཤད་དུས་བསམ་བློའི་ནང་སྙིང་རྗེ་སྐྱེས་པ། མ་འོངས་པར་བོད་ལ་རང་དབང་གི་ཉི་མ་གསར་པ་ཤར་བའི་སྐོར་དེ་བཀྲ་ཤིས་ཁ་གཡང་གི་ཚུལ་དུ་བྲིས་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ལོ་ཤས་རིང་མི་རིགས་ཀྱི་ལ་རྒྱས་ཕྱུག་པའི་བོད་རིགས་མཁས་པ་རྒན་གཞོན་རྣམས་ཀྱིས་བྲིས་པའི་བོད་མི་རིགས་ཀྱི་ལས་དབང་མཚོན་པའི་ཆབ་སྲིད་དང་ལོ་རྒྱུས་སོགས་ཀྱི་སྐོར་རྩོམ་ཡིག་འདོན་སྤེལ་དང་པར་སྐྲུན་གང་ཐུབ་བྱེད་མུས་ལྟར། རྩོམ་པ་པོ་ལྷ་མོ་དོན་གྲུབ་ཀྱིས་བྲིས་པའི་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་གྱི་སྙན་དེབ་བསྐལ་བའི་མེ་འཕྲིན་དམར་པོ་ཞེས་པ་འདི་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་འཚེ་མེད་ཞི་བའི་བློས་གཏོང་ཆེན་པོ་བྱས་པའི་ཉིན་དང་བསྟུན། དཔའ་བོ་ཁོང་དང་ཁོང་ལྟ་བུའི་རང་ལུས་མེར་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོ་ཡོངས་ཀྱི་རླབས་ཆེན་གྱི་བྱས་པ་རྗེས་དྲན་དང་བཀའ་དྲིན་མཚོན་ཆེད་དུ་། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་དམར་གཞུང་གི་སྲིད་འཛིན་ཧྭོ་ཅིན་ཐའོ་རྒྱ་གར་ལ་ཡོང་བའི་སྐབས་ངོ་རྒོལ་སྐད་འབོད་དང་བསྟུན། བོད་རྒྱལ་ཁབ་ཀྱི་རང་དབང་དང་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་རང་ལུས་མེར་བསྲེགས་ནས་རྒྱ་ནག་གི་བོད་ལ་བཙན་གནོན་དབང་སྒྱུར་དང་གཉའ་གནོན་ལ་ངོ་རྒོལ་བྱས་ཡོད། བོད་མི་རིགས་ཀྱི་བདེ་སྡུག་དང་རང་དབང་གི་ཆེད་དུ་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་གནང་ནས་བློས་གཏོང་བྱེད་མཁན་ ༡༥༠ ལྷག་བྱུང་བ་རྣམས་ཀྱིས་བློས་གཏོང་གནང་བའི་ལོ་རྒྱུས་མཚོན་པའི་དེབ་ཐེར་རིན་ཐང་བྲལ་བ་ཞིག་ཡིན་པས། ངེས་པར་དུ་སྤྱིར་འཛམ་གླིང་མི་མང་དང་། ལྷག་པར་དུ་བོད་རིགས་མི་མང་གི་མིག་ལམ་དུ་མཁོ་སྤྲོད་ཐུབ་པ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་འཇོག་ཐུབ་དགོས་པར་བརྟེན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་པར་སྐྲུན་ཞུས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




