སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་སླད་ཡུན་རིང་ཞུ་གཏུགས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་སི་ཁེ་ཝར་ཛི་སི་ཁི་ལིན་མཆོག་སྐུ་གྲོངས་པར་མྱ་ངན་ཞུས།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཁི་རི་སི་ཌིན་སི་ཁེ་ཝར་ཛི་སི་ཁི་ལིན་མཆོག་ (Christian Schwarz-Schilling) སྐུ་གྲོངས་ཡོད་པར་བརྟེན། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེག་སྤྱི་ཚོགས་དྲ་ལམ་བརྒྱུད་ཐུགས་གསོའི་འཕྲིན་ཡིག་གནང་ཡོད་པའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་འགྱུར་བ་མེད་པའི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་སྐུ་ཞབས་ཁི་རི་སི་ཌིན་སི་ཁེ་ཝར་ཛི་སི་ཁི་ལིན་མཆོག་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུ་ཡི་ཡོད་ལ། ཁོང་གི་ནང་མི་དང་གཉེན་མི་རྣམས་ལ་སྙིང་ཁོངས་ནས་ཐུགས་གསོ་ཞུ་རྒྱུ་ཡིན།
སྐུ་ཞབས་ཁི་རི་སི་ཌིན་སི་ཁེ་ཝར་ཛི་སི་ཁི་ལིན་ལགས་ནི་བོད་རྒྱ་འབྲེལ་མོལ་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་མཁན་དང་དྲང་བདེན་གྱི་དོན་དུ་གཡོ་བ་མེད་པའི་ལས་དོན་སྒྲུབ་མཁན་ཞིག་ཡིན། ཁོང་གིས་ལོ་ངོ་མང་པོའི་རིང་ལ་བཀའ་ཤག་དང་བོད་པའི་དབུ་ཁྲིད་རྣམ་དང་ལྷན་དུ་མཉམ་ལས་གནང་ཡོད། ང་རང་ཁོང་དང་ཐུག་འཕྲད་བྱེད་པའི་གོ་སྐབས་མང་པོ་བྱུང་བའི་ཁྲོད། འདས་ལོར་ཧྥ་རན་ཁི་ཕོ་ཌི་རུ་ཁོང་དང་བསྐྱར་དུ་ཐུག་འཕྲད་བྱུང་བ་དེར་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཡིན། ཁོང་དང་འབྲེལ་ཡོད་ཀྱི་མི་ཚང་མའི་སེམས་ནང་སྐུ་ཞབས་ཁི་རི་སི་ཌིན་སི་ཁེ་ཝར་ཛི་སི་ཁི་ལིན་གྱི་མཛད་རྗེས་ལ་དྲན་གསོ་ཞུ་ངེས་རེད། ཁོང་མྱུར་དུ་སྐྱེ་བ་བཟང་པོ་ཞིག་ལེན་པར་ཤོག ཞེས་གསལ་འདུག
སྐུ་ཞབས་ཁི་རི་སི་ཌིན་སི་ཁེ་ཝར་ཛི་སི་ཁི་ལིན་མཆོག་ནི་ཕྱི་ལོ་ ༡༩༣༠ ལོར་ཨོ་སི་ཊི་རི་ཡའི་ཨིན་ས་བྷི་རུ་ཁི་(Innsbruck) གྲོང་ཁྱེར་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༥༦ ལོར་མུ་ནི་ཆི་གཙུག་ལག་སློབ་གཉེར་ཁང་དུ་ཤར་ཨེ་ཤ་ཡའི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་རིག་པ་བཅས་ཀྱི་ཐོག་སློབ་གཉེར་བྱས། ཁོང་གི་འབུམ་རམས་པའི་དཔྱད་རྩོམ་དེ་ཕྱི་ལོ་ ༡༠༠༥ ལོའི་རྒྱ་ནག་སུང་རྒྱལ་རབས་དང་ལེའོ་རྒྱལ་རབས་གཉིས་བར་གྱི་དམག་འཁྲུག་གི་བརྗོད་གཞིའི་ཐོག་བྲིས་འདུག ཕྱི་ལོ་ ༡༩༥༧ ནས་ཧེ་སི་མངའ་སྡེའི་བྷུ་དྷིན་གན་དུ་གློག་རྫས་བཟོ་གྲྭའི་འགན་འཛིན་གནང་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ནས་ཁི་རི་སི་ཌིན་དམངས་གཙོ་མཐུན་ཚོགས་སུ་ཞུགས། ཕྱི་ལོ་ ༡༩༦༧ ལོར་ཧེ་སི་མངའ་སྡེའི་ས་གནས་ཁི་རི་སི་ཌིན་དམངས་གཙོ་མཐུན་ཚོགས་ཀྱི་དྲུང་ཆེ་འགན་འཁུར། ཕྱི་ལོ་ ༡༩༧༦ ནས་འཇར་མན་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་། དུས་སྐབས་དེའི་རིང་ཁོང་གིས་ཡུ་རོབ་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། གྲོས་ཚོགས་འོག་མའི་འཕྲུལ་རིག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་གནང་འདུག ཕྱི་ལོ་ ༡༩༨༢ ནས་ཁོང་གིས་འཇར་མན་གྱི་བརྡ་འཕྲིན་ལས་ཁུངས་སུ་བློན་ཆེན་གྱི་གོ་གནས་ཐེངས་གསུམ་འགན་འཁུར། ཕྱི་ལོ་ ༡༩༩༥ ནས་ ༢༠༠༢ བར་འཇར་མན་འགྲོ་བ་མིའི་ཐོབ་ཐང་དང་རོགས་སྐྱོར་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བྱས། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་འོད་སྣང་གི་གཟེངས་རྟགས་ (Light of Truth Award) ཞེས་པ་ཕུལ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





