༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་འཁོར་ཡིན་ཞིང་བོད་ཀྱི་སློབ་གསོའི་ལས་དོན་ཐད་མཛད་རྗེས་ཆེ་བའི་མི་སྣ་གཉིས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་།

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༩ ཐོག་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་གི་དགོན་བདག་༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་བླ་བྲང་གཟིམ་ཤག་ཏུ་དགོངས་པ་རྫོགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༥ ཙམ་ལ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་དགུང་གྲངས་ ༩༥ ཐོག་ནད་གཞི་ཞིག་ཕོག་སྟེ་སྨན་བཅོས་བྱས་ཀྱང་ཕན་ནུས་མ་བྱུང་བས་སྐུ་གྲོངས་འདུག
༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་གིས་བོད་ཁམས་གང་སར་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ལྷན་དུ་ཤེས་ཡོན་སློབ་གསོའི་ཐད་མཛད་རྗེས་བཞག་ཡོད་པ་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་ཕྱི་ལོ་ ༡༩༩༠ ནས་བཟུང་སྐུ་སྒེར་གྱི་སྨན་ཁང་དང་། སློབ་གྲྭ་སོགས་བཙུགས་ཏེ་དཀར་མཛེས་ས་ཁུལ་གྱི་མི་རིགས་དང་། རིག་གཞུང་རྒྱུན་འཛིན་ཐད་རིན་ཐང་བྲལ་བའི་མཛད་རྗེས་བཞག་འདུག དེ་བཞིན་སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་ཀྱིས་ཏང་སྲིད་ལས་དོན་དུས་ཡུན་རིང་བསྒྲུབས་ཤིང་། སྡེ་དགེ་རྫོང་དང་རྔ་བ་ཁུལ། སི་ཁྲོན་ཞིང་ཆེན་སྲིད་གྲོས། བོད་རང་སྐྱོང་ལྗོངས་སོགས་སུ་ལས་དོན་སྒྲུབ་པའི་སྐབས། རྔ་བ་ཁུལ་སྒྲིག་སྒྱུར་ཅུས་དང་། རྔ་བ་ཁུལ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དང་འབར་ཁམས་སློབ་འབྲིང་གི་བོད་ཡིག་འཛིན་གྲྭ། རྔ་བ་ཁུལ་མཛོད་དགེ་བོད་ཡིག་སློབ་འབྲིང་དང་དེའི་ནང་གི་བོད་ལུགས་ཕྱུགས་རིགས་སྨན་པའི་འཛིན་གྲྭ། བོད་ལུགས་གསོ་རིག་འཛིན་གྲྭ། གཞན་ཡང་བོད་ཡིག་པར་ཁང་དང་སྐབས་མང་པོའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སོགས་བཙུགས་པ་དང་བོད་ཡིག་སློབ་དེབ་ཀྱང་རྩོམ་སྒྲིག་གནང་ཡོད་འདུག་ལ། བོད་ཀྱི་སྐད་ཡིག་དང་བོད་ལུགས་གསོ་རིག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་ཆེད། ནུས་ཤུགས་ཆེན་པོའི་སྒོས་ཕྱོགས་ཡོངས་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། སྐད་གཉིས་སློབ་ཁྲིད་འཕེལ་རྒྱས། བོད་ལུགས་རིག་གནས་དར་སྤེལ། སྔོན་ཐོན་གྱི་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་བྱས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོ་སྒྲིག་འཛུགས་གནང་བ་དང་། བོད་ལུགས་གསོ་རིག་སློབ་གླིང་དང་། བོད་སྨན་ནད་བཅོས་སྡོད་ཁང་སོགས་འཛུགས་རྒྱུའི་གྲ་སྒྲིག་གནང་འདུག
༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་གྲུབ་དབང་བྱམས་པ་མཁས་གྲུབ་མཆོག་ནི་ཕྱི་ལོ་ ༡༩༣༤ ལོར་མདོ་ཁམས་ཏྲེ་ཤོད་དཀར་མཛེས་འབུ་ཆུ་ངང་པ་ལྟག་ཚང་ཡབ་དགེ་མདུན་རྒྱ་མཚོ་དང་། ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༡༩༣༦ ལོར་ཕུར་ལྕོག་བྱམས་མགོན་རིན་པོ་ཆེས་ལམ་བྲག་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་དང་ཁྲི་སྟོན་གནང་། དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་ཕུན་ཚོགས་ཡོངས་འཛིན་དུ་བསྟེན། ཕྱི་ལོ་ ༡༩༤༢ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་དང་། ལུང་རིགས་སྨྲ་བའི་དབང་པོ་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་ཆོས་རྒྱལ་རྣམ་གཉིས་གཙུག་ཏུ་བཀུར། ཕྱི་ལོ་ ༡༩༥༠ ལོར་རང་ཡུལ་དུ་ཕེབས་ནས་གཟིགས་རྟོག་མཛད། ༡༩༥༦ ལོར་དབུས་སུ་ཕེབས་ནས་རིམ་གྱིས་རྒྱ་གར་དུ་འབྱོར། ༡༩༦༣ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་སུད་སི་རྒྱལ་ཁབ་ཏུ་ཕེབས། ཕྱི་ལོ་ ༡༩༨༢ ལོར་རང་ཡུལ་དུ་གཉེན་འཕྲད་ལ་ཕེབས་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་མཇལ་ནས་ནང་མོལ་བྱུང་། ༡༩༨༤ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་རེ་བཞིན་སྤྱན་རས་གཟིགས་པ་དགོངས་ཞུ་ཕུལ་ནས་པཎ་ཆེན་རིན་པོ་ཆེའི་ཞབས་ཕྱིར་བཅར། ༡༩༩༠ ལོར་སྐུ་སྒེར་གྱི་སྨན་ཁང་གསར་དུ་བཙུགས། དེ་རྗེས་ཕྱི་ལོ་ ༡༩༩༢ ལོར་ལམ་བྲག་སློབ་གྲྭ་བཙུགས། པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་དཀར་མཛེས་སུ་ཕེབས་ནས་མི་རིགས་དང་རིག་གཞུང་གི་རྒྱུན་འཛིན་དང་སློབ་གསོ་གནང་བ་མ་ཟད། ཧོར་ཁོག་ཁག་དང་། རྫ་སྟོད། གསེར་རྟ། མི་ཉག ལི་ཐང་། དབུས་གཙང་སོགས་སུ་མཛད་འཕྲིན་མང་པོ་བསྐྱངས་ཡོད། ཉེ་ཆར་སྐུ་གཟུགས་ཅུང་མ་བདེ་ནས་ཁྲིན་ཏུའུ་རུ་ཡོད་པའི་སྨན་ཁང་ཏུ་ཕེབས། ནགས་ཚང་རིན་པོ་ཆེའི་བཀའ་ངག་ལྟར་དཀར་མཛེས་དགོན་པས་གདན་ཞུ་ཐོག་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་ལམ་བྲག་བཙུན་དགོན་དུ་འབྱོར། ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༢།༣༩ ཐོག་དགོངས་པ་རྫོགས་འདུག
ལམ་བྲག་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་ནི་ལམ་བྲག་སྐུ་ཕྲེང་དང་པོ་སྔགས་རམས་པ་ངག་དབང་བཀྲ་ཤིས་མཆོག་དང་། སྐུ་ཕྲེང་གཉིས་པ་བསྐལ་བཟང་རྣམ་རྒྱལ་མཆོག སྐུ་ཕྲེང་གསུམ་པ་ལམ་བྲག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཆོས་འཕེལ་མཆོག ལམ་བྲག་སྐུ་ཕྲེང་བཞི་པ་བསྐལ་བཟང་མཁས་གྲུབ་བདེ་ལེགས་རྣམ་རྒྱལ་མཆོག སྐུ་ཕྲེང་ལྔ་བ་གྲུབ་དབང་བློ་བཟང་མཁས་གྲུབ་ཡེ་ཤེས་དབང་ཕྱུགམཆོག ལམ་བྲག་སྐུ་ཕྲེང་དྲུག་པ་གྲུབ་དབང་བྱམས་པ་མཁས་གྲུབ་མཆོག་བཅས་ཡིན་པ་རེད།
སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༣༡ ལོར་ཁམས་འབའ་ཐང་དུ་སྐྱེས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་སྟེ། ༡༩༤༩ ལོར་ཁོང་ཉིད་དགུང་ལོ་ ༡༨ ལ་སོན་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ༡༩༨༠ གྱ་གྲངས་ཀྱི་ནང་དུ་ཁོང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཀྱི་གྲས་སུ་བསླེབས། ཡིན་ཡང་འདི་དག་གིས་ཁོང་ལ་མཚམས་རེར་གཞུང་གི་སྲིད་ཇུས་ཀྱི་ལམ་ལུགས་མི་འགྲིག་པའི་སྐོར་ལ་སྐྱོན་བརྗོད་བྱེད་པའི་གཤིས་ཀ་དེར་འགྱུར་བ་གཏོང་ཐུབ་མེད། དཔེ་མཚོན་ཙམ་ཞུས་ན། སྔོན་མ་ཁོང་སི་ཁྲོན་ནས་ཕྱིར་རྒྱ་ནག་ཏུ་ལས་གནས་མ་བསྒྱུར་བའི་སྔོན་ལ་ཁོང་གིས། ཀྲུང་དབྱང་གིས་བོད་རིགས་བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་སྟེང་རོགས་སྐྱོར་མ་དངུལ་གང་འཚམ་ཞིག་བཏང་བ་དེ་དག་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ལྐོག་ནས་ཁོང་ཚོའི་བྱིས་པ་ཚོའི་མདུན་ལམ་ཆེད་དུ་བཏང་བའི་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག ཡངས་གླིང་རྡོ་རྗེ་ལགས་ཀྱིས་ཁོང་གི་མི་ཚེའི་བྱ་གཞག་གི་དུས་ཡུན་རིང་ཤོས་དེ་སི་ཁྲོན་ཏུ་བསྐྱལ་ཡོད། ཐོག་མར་དམར་ཤོག་གུང་གཞོན་ཚོགས་པའི་མགོ་ཁྲིད་དང་། དེ་རྗེས་སྡེ་དགེ་རྫོང་དང་རྔ་པ་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་གནང་ཞིང་། མཐའ་མར་སི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་བ་གཞོན་པའི་གོ་གནས་སུ་བསླེབས། ༡༩༨༠ ལོ་ནས་ ༡༩༨༦ ལོའི་བར་ཁོང་ཉིད་གོང་གི་གོ་གནས་རང་འཇགས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་གཞོན་པའི་ཕྱག་ལས་གནང་བ་དང་། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་གོ་གནས་སུ་བསླེབས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༩ ཉིན་ཁྲིན་ཏུའུ་རུ་སི་ཁྲོན་ཞིབ་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བོད་དོན་གྲོས་མོལ་འཚོགས་འདུ་ཐེངས་ ༦ པའི་ཚོགས་འདུ་གཙོ་སྐྱོང་གནང་ལ། ཚོགས་ཆེན་དེའི་སྟེང་བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་བོད་རིག་པའི་མཁས་པ་དང་ཉམས་ཞིབ་པ་ ༡༢༠ འཛོམས་ཡོད་ཅིང་། སྐབས་དེར་ཁོང་གི་གཏམ་བཤད་ཀྱི་བརྗོད་གཞི་ནི་རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་ལས་དོན་ཐད་བཟུང་བའི་སྲིད་བྱུས་ཞེས་པ་ཡིན་འདུག ཕྱི་ལོ་ ༡༩༩༨ ཟླ་ ༡༢ པའི་ནང་ལས་འཁྱུར་ངལ་གསོ་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





