བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྒྱུ་རྩལ་བ་རྣམས་ལ་བློ་སྐྱེད་དང་འབྲེལ་ལམ་དམ་ཟབ་ཀྱི་སྡིངས་ཆ་ཏེ་བོད་མི་རིགས་ཀྱི་སྒྱུ་རྩལ་རྒྱལ་སྤྱིའི་སྟེང་སྐྱེལ་ཐབས་ཞུ་རྒྱུ་ཡིན་འདུག

དེ་རིང་འཛམ་གླིང་སྒྱུ་རྩལ་གྱི་ཉིན་མོ་དང་བསྟུན། བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་དང་བཙན་བྱོལ་དུ་གནས་ཤིང་རྒྱབ་ལྗོངས་མི་འདྲ་བའི་བོད་མི་སྒྱུ་རྩལ་བ་བདུན་གྱིས། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཞེས་པ་ཞིག་དབུ་འབྱེད་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ་སོང་།
འདི་གའི་གསར་འགོད་པས་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས་ལགས་སུ་མཐུན་ཚོགས་དེའི་སྐོར་དྲིས་པར་ཁོང་གིས། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་སུ་གློག་བརྙན་བཟོ་སྐྲུན་པ་དང་། སྙན་ངག་པ་དང་རྩོམ་པ་པོ། གསར་འགོད་པ་སོགས་ཆེད་ལས་མི་འདྲ་བའི་སྒྱུ་རྩལ་བ་བདུན་ཡོད་ཅིང་། མཐུན་ཚོགས་ཀྱི་དམིགས་ཡུལ་ནི་བོད་དང་བོད་རིགས་སྒྱུ་རྩལ་བའི་ནུས་ཤུགས་གོང་སྤེལ་དང་། ཕུལ་བྱུང་སྒྱུ་རྩལ་འཕེལ་སྐྱེད། དེ་བཞིན་བོད་པའི་སྒྱུ་རྩལ་གྱི་འབོད་སྒྲ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཆེས་ཆེར་རྩལ་འདོན་ཡོང་ཐབས་ལ་དམིགས་ནས་གསར་དུ་བཙུགས་པ་ཡིན་སྐོར་དང་། བཙན་བྱོལ་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་ནས་བསྡད་ཡོད་པ་ལྟར་སྒྱུ་རྩལ་བ་རྣམས་ཀྱང་ཁ་འཐོར་ནས་བསྡད་ཡོད་ཀྱང་། བོད་པའི་སྒྱུ་རྩལ་བ་རྣམས་གཅིག་ཏུ་འདུས་ནས་རོལ་དབྱངས་དང་གློག་བརྙན། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་ཐོག་དགོངས་ཚུལ་བརྗེ་རེས་དང་ཕན་ཚུན་རོགས་འདེགས་ཀྱིས་བོད་ཀྱི་སྒྱུ་རྩལ་དེ་བཙན་བྱོལ་གྱི་སྤྱི་ཚོགས་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྟེང་སྐྱེལ་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་སྟབས། འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་མི་སྒྱུ་རྩལ་བ་རྣམས་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ནང་མཉམ་ཞུགས་གནང་རེ་བ་ཞུ་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།
ཡང་གསར་འགོད་བསྒྲགས་གཏམ་ནང་། མཐུན་ཚོགས་འདི་བཞིན་བོད་དང་བོད་རིགས་སྒྱུ་རྩལ་བ་ཕན་ཚུལ་དབར་འབྲེལ་ལམ་དམ་ཟབ་དང་། སྒྱུ་རྩལ་བ་སོ་སོར་སྡིངས་ཆ་དང་བློ་སྐྱེད་བསྐྲུན་སའི་རྒྱལ་སྤྱིའི་དྲ་ལམ་ཞིག་བྱེད་རྒྱུ་ཡིན། ང་ཚོའི་ཕུགས་བསམ་ནི་སྒྱུ་རྩལ་བས་གསར་གཏོད་ཀྱི་ལམ་བུ་སྙེགས་པར་རམ་འདེགས་དང་། བོད་མི་རིགས་སྤྱི་དང་སྒྱུ་རྩལ་བ་སོ་སོའི་སྣང་བརྙན་དེ་བཙན་བྱོལ་སྤྱི་ཚོགས་ཙམ་མ་ཟད། རྒྱལ་སྤྱིའི་མི་དམངས་ཀྱི་སྤྱན་ངར་འབུལ་ལམ་ཞུ་ཐུབ་པ་བཟོ་རྒྱུ་དེ་ཡིན། ཞེས་གསལ་འདུག
བོད་ཀྱི་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་བོབ་ཨེན་ཀར་སན་ལགས་ཀྱིས། ང་ཚོའི་རེ་བ་ལ་མཐུན་ཚོགས་འདི་ནི་གསར་སྐྲུན་དང་མཉམ་ལས། རིག་གནས་གོང་སྤེལ། སྤྱི་ཚོགས་སྲ་བརྟན་གྱི་མེ་སྟག་ལྟ་བུ་ཞིག་ཏུ་འགྱུར་བ་དང་། བོད་ཀྱི་མི་རབས་གོང་མ་རྣམས་ཀྱིས་བློ་སྤོབས་དང་བརྩོན་འགྲུས་ཆེན་པོས་བོད་ཀྱི་རིག་གཞུང་འདི་གཅེས་སྐྱོང་གནང་བའི་རླབས་ཆེན་གྱི་ཤུལ་བཞག་འདི་ལ་མཐུན་ཚོགས་ཀྱི་ངོས་ནས་གུས་བརྩི་རྗེས་དྲན་ཞུ་བཞིན། སྒྱུ་རྩལ་དང་རིག་གནས་ཀྱི་ཕ་ས་གཅིག་ལས་མཆེད་པའི་བོད་ཀྱི་སྒྱུ་རྩལ་བ་རྣམས་ད་ཆ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུའང་སླེབས་ནས་འབྲས་བུ་གཡུར་དུ་ཟ་བ་ཞིག་བྱེད་རྒྱུ་དེ་ཡིན། ཞེས་བརྗོད་འདུག
ཚོགས་གཙོ་བུ་ཆུང་ལྡུམ་ར་བསོད་ནམས་ཀྱིས། འདི་ནི་གོ་ལའི་ཡུལ་གྲུ་གང་སར་བོད་ཀྱི་སྒྱུ་རྩལ་གྱི་དཔྱིད་དཔལ་གསར་དུ་བཞད་བཞིན་པའི་ཁྲོད་དུ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་རེད། ངེད་ནས་བོད་དང་བོད་རིགས་སྒྱུ་རྩལ་བ་ཡོངས་ལ་མཐུན་ཚོགས་འདིར་མཉམ་ཞུགས་ཐོག མི་དང་མིའི་བར་གྱི་མཐུན་ལམ་གྱི་སླད་དུ་རིག་གནས་ཀྱི་ལེགས་སྐྱེས་གསར་བཞེངས་ཀྱི་རིན་ཐང་རྒྱུན་གནས་ཡོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག
བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ནི་འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་བའི་མཐུན་ཚོགས། རྒྱབ་སྐྱོར་བ་བཅས་ལས་གྲུབ་པའི་ཡོངས་འདུས་རང་བཞིན་གྱི་མཐུན་ཚོགས་ཤིག་ཡིན་ཞིང་། དེས་སྒྱུ་རྩལ་བ་སྐྱེད་སྲིང་དང་། གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་བྱ་བཞག་ལ་སྐུལ་འདེད། མཉམ་ལས་གོང་འཕེལ། རིག་གནས་བརྗེ་རེས་བཅས་ལ་རྒྱབ་སྐྱོར་རྒྱུས་སྟོན་དང་མཉམ་སྤྱོད་སྡིངས་ཆ་སོགས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད་ཅིང་། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་སློབ་སྟོན་པའི་ཁོངས་སུ་གློག་བརྙན་བཟོ་སྐྲུན་མཁན་བསྟན་འཛིན་བསོད་ནམས་ལགས་དང་། གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས། རྩོམ་པ་པོ་ལྗང་བུ་ལགས་དང་ཚེ་རིང་དབྱངས་འཛོམས་ལགས་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་སྒྱུ་རྩལ་བ་བཅུ་གཅིག་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།



![China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-15-at-2.32.14-PM-360x180.png)
