ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་རྣམས་ཀྱིས་ཉིན་ ༢༥ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཧི་མ་ཅལ། ཧ་རི་ཡ་ན། པན་ཇབ་བཅས་ཀྱི་མངའ་སྡེའི་གསུམ་ནང་སྤྱི་ལེ་ ༦༠༠ ཙམ་ལ་གོམ་བགྲོད་བྱས།

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་ཟླ་གཅིག་ཙམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་ལས་འགུལ་སྤེལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇཱན་ཌཱར་མཱན་ཌཱར་ (Jantar Mantar)་གྱི་ས་གནས་ནས་ཞི་བའི་ངོ་རྒོལ་བྱས་ཏེ་གོམ་བགྲོད་མཇུག་སྒྲིལ་ཡོད་པ་དང་། སྐབས་དེར་ལྡི་ལི་རུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱ་གར་དབུས་གཞུང་གི་ལས་ཁུངས་སུ་ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཁག་ཕུལ་ཏེ་ཞུ་གཏུགས་ཞུས་ཡོད་འདུག
ཐེངས་འདིའི་ལས་འགུལ་སྐོར་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། ཞྭ་མོ་ནག་པོའི་གོམ་བགྲོད་དེ་རྒྱ་གར་གྱི་མངའ་སྡེ་ཆེན་པོ་བཞིའི་ནང་ཉིན་གྲངས་ ༢༥ རིང་ཞི་བའི་ཐོག་ལས་འགུལ་སྤེལ་ཏེ་ལས་དོན་ཐམས་ཅད་ཚགས་ཚུད་པོ་བྱུང་། སྐབས་དེར་རྒྱ་གར་གྱི་གསར་ཁང་ཁག་ ༧༠ ཙམ་ལ་འབྲེལ་བ་བྱས་ཏེ་བོད་ནང་གི་བོད་མི་རྣམས་ལ་འཕྲད་བཞིན་དཀའ་ངལ་སྐོར་འགྲེལ་བརྗོད་ཞུ་ཐུབ་ཡོད། དམིགས་བསལ་ས་གནས་ཁག་གི་རྒྱ་གར་མི་མང་ཁྲོད་དུ་བོད་དོན་ཐོག་གོ་རྟོགས་སྤེལ་ཐུབ་པ་བྱུང་། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་ནག་དམར་པོ་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ། བོད་མི་རིགས་ཀྱི་སྐད་ཡིག་བཅས་པ་རྩ་གཏོར་གཏོང་བཞིན་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་དུ་ལེའུ་བདུན་དང་དོན་ཚན ༦༥ ཡོད་པ་རེད། ང་ཚོས་བལྟས་བ་ཙམ་གྱིས་ཁྲིམས་ཡིག་དེའི་ནང་དུ་སྙན་པོ་རྐྱང་རྐྱང་བྲིས་ཡོད་ཀྱང་། དོན་དུ་མི་རིགས་བཙན་བསྒྱུར་དང་རིག་གཞུང་བསྲེས་ལྷད་གཏོང་ཐབས་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གིས། ད་ལན་གྱི་ལས་འགུལ་ནང་དུ་མི་རབས་རྒན་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པས། བོད་དོན་ཐོག་ལས་འགུལ་སྤེལ་མཁན་ཚང་མར་སེམས་ཤུགས་འཕར་མ་ཞིག་བྱུང་སོང་། ནམ་རྒྱུན་བོད་ཀྱི་སྤྱི་ཚོགས་ནང་ལས་འགུལ་ཁག་གི་ནང་མཉམ་ཞུགས་བྱེད་མཁན་ཉུང་དུ་འགྲོ་བ་མཐོང་གི་ཡོད་ཀྱང་། ཐེངས་འདིའི་ལས་འགུལ་ཁྲོད་བོད་ཀྱི་རྒན་གཞོན་བར་གསུམ་གྱི་ནུས་པ་མཉམ་སྤུངས་ཐོག་བོད་དོན་འཐབ་རྩོད་བྱེད་བཞིན་པ་གསལ་བོ་བསྟན་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་གོམ་བགྲོད་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་ས་གནས་མི་འདྲ་བ་ ༢༠ ནས་གོམ་བགྲོད་པ་ཁྱོན་གྲངས་ ༦༥ མཉམ་ཞུགས་གནང་ཡོད་ཅིང་། དེའི་ཁྲོད་དགུང་ལོ་ཆེ་ཤོས་ ༧༤ དང་ཆུང་ཤོས་ ༢༦ ཡིན་འདུག་ལ། གོམ་བགྲོད་པ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཧི་མ་ཅལ། ཧ་རི་ཡ་ན། པན་ཇབ་བཅས་ཀྱི་མངའ་སྡེ་གསུམ་ནང་སྤྱི་ལེ་ ༦༠༠ ཙམ་གོམ་བགྲོད་བྱས་ཡོད་པ་རེད། ཐེངས་འདིའི་ཞི་བའི་གོམ་བགྲོད་སྐབས་སུ། རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་པ་དེ་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པས་མཚམས་འཇོག་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྦག་བཙོག་དང་གཏོར་བརླག་གཏོང་མཚམས་འཇོག་དགོས། དེ་བཞིན་རྒྱ་གར་དབུས་སའི་གཞུང་ནས་ད་བར་བོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་འགྱུར་མེད་གནང་བར་ཐུགས་རྗེ་ཆེ་བཅས་ཀྱི་དགོས་འདུན་ཁག་བཏོན་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





