བོད་ནག་ཆུ་ཁུལ་གྱི་མང་ཚོགས་ཁྲོད་ཆོལ་ཁ་གསུམ་གྱི་འོས་མིར་འོས་འཕེན་མཁན་ཡོད་སྟབས། སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གཉིས་ནས་ས་ཁུལ་ལོ་རྒྱུས་དང་ཆོལ་ཁུངས་ས་མཚམས་ཀྱི་གནད་དོན་ཐོག་ཐག་གཅོད་གནང་བབ་མེད་པའི་ལན་གནང་བ་ལྟར། འོས་བསྡུ་ལས་ཁང་གིས་མང་ཚོགས་ཀྱི་མངོན་འདོད་བཞིན་རང་སོར་བཞག་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པ་གསུམ་དང་དྲུང་ཆེ་བཅས་ཀྱིས། ཕྱི་ལོ་ ༢༠༢༥ ་་་ ༢༠༢༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་བསྐྱངས་ཏེ། ཆོལ་ཁ་གསུམ་གྱི་བདམས་ཐོན་སྤྱི་འཐུས་བཅུ་རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཉིས་རེ། དེ་བཞིན། ཡུ་རོབ་དང་ལྷོ་ཨ་ཧྥི་རི་ཁའི་སྤྱི་འཐུས་གཉིས་དང་། ལྷོ་བྱང་ཨ་རིའི་སྤྱི་འཐུས་གཉིས། དེ་བཞིན་ཨོ་གླིང་དང་ལྷོ་ཤར་ཨེ་ཤ་ཡའི་སྤྱི་འཐུས་གཅིག་བཅས་ཁྱོན་བདམས་ཐོན་སྤྱི་འཐུས་ ༤༥ མཚན་འབོད་ཀྱིས་ཡོངས་བསྒྲགས་གནང་སོང་།
སྐབས་དེར་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་བསྩལ་གྱི་བཀའ་དྲིན་བསྐྱངས་པ་བཞིན། དབུས་འོས་བསྡུ་ལས་ཁང་ནས་བཅའ་སྒྲིག་གི་དགོངས་དོན་འོག ཕྱི་ལོ་ ༢༠༢༥་་་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དེ། བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༧ ནས་དངོས་སུ་མགོ་འཛུགས་ཞུས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་བཅས་ཀྱི་ལས་དོན་ཁག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཐོག་མཐའ་བར་གསུམ་དྲང་བདེན་དང་འདྲ་མཉམ། རང་དབང་ངང་ལེགས་བསྒྲུབས་ཐུབ་པ་བྱུང་བ་ནི། ས་གནས་འོས་བསྡུ་ལས་ཁང་ཁག་གི་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། ཟུར་དཔང་། ལས་བྱེད། དང་བླངས་བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ཧུར་བསྐྱེད་གནང་བར་དབུས་འོས་བསྡུ་ལས་ཁང་ནས་བསྔགས་བརྗོད་དང་། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ལ་ལེགས་གསོལ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།
དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ལྟར་ན། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་འཛམ་གླིང་རྒྱལ་ཁབ་ཁག་ ༢༧ གྱི་ས་གནས་འོས་བསྡུ་ལས་ཁང་ ༨༧ དང་། འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༠༩ ། དབུས་དང་ས་གནས་འོས་བསྡུའི་ཚོགས་མི་དང་། ཟུར་དཔང༌། ལས་བྱེད་གྲངས་ ༡༧༣༧ བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ངལ་བ་ཁྱད་བསད་ཀྱིས་འོས་བསྡུའི་ལས་དོན་ཡོངས་རྫོགས་སྒྲིག་མཐུན་བསྒྲུབས་ཡོད་ཅིང་། འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་ཁྱོན་མི་གྲངས་ ༩༡༠༧༣ བྱུང་ཡོད་པ་ལས། སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་འཕེན་པ་གྲངས་ ༥༡༡༤༠ (༥༦་༡༥%) བྱུང་བ་དང་། དངོས་གཞིའི་འོས་བསྡུའི་ནང་འོས་འཕེན་པ་གྲངས་ ༤༡༦༣༨ (༤༥་༧༡%) བཅས་བྱུང་ཞིང་། དེའི་ཁོངས་ནས་འོས་ཤོག་གྲངས་ ༥༧༠ རྩིས་མེད་བྱུང་འདུག་ལ། བོད་མི་སུད་ཚོང་ས་ཁུལ་ཁག་ནང་ས་གནས་འོས་བསྡུ་ལས་ཁང་དང་། འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༡ གསར་འཛུགས་དང་། བོད་མིའི་གནས་སྡོད་རྒྱལ་ཁབ་ ༧ གྱི་ས་གནས་གྲངས་ ༥༥ ནང་དུ་མང་ཚོགས་དང་། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ཚོ་དང་ལྷན་དུ་ཚོགས་འདུ་ཐེངས་ ༡༠༠ ལྷག་ཚོགས་ཏེ། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་། རྩ་འཛིན་ལམ་སྟོན། འོས་བསྡུའི་གལ་གནད་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་བ། དེ་བཞིན་རྒྱ་གར་ནང་གི་ས་གནས་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། འབྲེལ་མཐུད་པ་བཅས་མི་གྲངས་ ༤༣ ལ་དྷ་རམ་ས་ལར་འོས་བསྡུ་ཆེན་མོའི་ལས་དོན་བྱེད་ཕྱོགས་དང་། འོས་བསྡུའི་སྒྲིག་གཞིའི་ཐོག་དམིགས་བསལ་ཟབ་སྦྱོང་བཅས་གོ་སྒྲིག་གནང་ཡོད་འདུག
དབུས་འོས་བསྡུ་ལས་ཁང་གིས་བདམས་ཐོན་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་རྣམས་ལ། རྒྱ་ཆེ་མང་ཚོགས་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གྲངས་ ༤༥ གསར་འདེམས་ལེགས་བསྒྲུབས་བྱུང་ཡོད། འདེམས་ཐོན་བྱུང་བ་རྣམས་ནས་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་ཐོག་ཆིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་བརྣག་པའི་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་གལ་ཆེའི་ལས་དོན་ཐོག་འབད་བརྩོན་གནང་དགོས་པའི་རེ་འདུན་ཞུས་འདུག
འདི་ལོའི་འོས་བསྡུ་ཆེན་མོའི་ལས་རིམ་སྐབས་དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་མང་ཚོགས་ནང་བསམ་ཚུལ་ཁག་ཅིག་བྱུང་དང་འབྱུང་མུས་ཡིན་པའི་ཐད། འོས་བསྡུའི་འགན་འཛིན་རྣམས་ནས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གསལ་བཤད་ཅིག་གནང་བའི་ནང་། འོས་བསྡུའི་ལས་རིམ་འགོ་བཙུགས་པ་ནས་ད་བར་ཕྱི་ནང་གཉིས་ནས་འགོག་རྐྱེན་སྣ་མང་བྱུང་ཡོད་ཀྱང་། དབུས་འོས་བསྡུ་འགན་འཛིན་གསུམ་ནས་སྤྱི་དོན་ཁོ་ནར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཕྱོགས་ལྷུང་དང་འཛེམ་ཟོན་མེད་པར་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་ཐོག་འགལ་འཛོལ་ར་འཕྲོད་བྱུང་རིགས་ལ་སྐབས་དུས་སོ་སོར་གདོང་ལེན་ཞུས་པའི་ཐོག འོས་བསྡུའི་ལས་རིམ་ཡོངས་རྫོགས་སྒྲིག་མཐུན་རང་དབང་དྲང་བདེན་དང་། འདྲ་མཉམ་ཐོག་ཞི་འཇམ་ཚགས་ཚུད་ཡོང་བར་འབད་བརྩོན་ཞུས་ཡོད་ཅེས་གསུངས་འདུག
འདི་ལོའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ཁྲོད་ནག་ཆུ་ནས་འོས་མི་གཉིས་བྱུང་བ་ལས། གཅིག་དབུས་གཙང་ཆོལ་ཁའི་འོས་མིར་ལངས་ཡོད་པ་དང་། གཅིག་མདོ་སྟོད་ཆོལ་ཁའི་འོས་མིར་ལངས་ཡོད་པའི་ཐད་མང་ཚོགས་ཁྲོད་བཀའ་འདྲི་གནང་མཁན་བྱུང་བར་བརྟེན། འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་གནད་དོན་དེའི་ཐད་གསལ་བཤད་གནང་བའི་ནང་། དེ་སྔའི་འོས་བསྡུའི་ལས་རིམ་ནང་ནག་ཆུ་ནས་དབུས་གཙང་དང་མདོ་སྟོད་ཆོལ་ཁའི་འོས་མིར་བཞེངས་པ་བྱུང་བ་དང་། དེ་བཞིན་མཁས་དབང་ཁག་ལ་བཀའ་འདྲི་ཞུས་པ་དང་དེབ་མང་པོར་བལྟས་པ། ནག་ཆུ་ཨ་མདོ་རྫོང་སོག་དམར་ཞང་གི་ཡུལ་མི་ཚོར་སྐད་ཆ་འདྲི་སྐབས། མི་ཁག་ཅིག་གིས་དབུས་གཙང་དང་ཁག་ཅིག་གིས་མདོ་སྨད། ཁག་ཅིག་གིས་མདོ་སྟོད་ནང་འོས་ཤོག་འཕེན་གྱི་འདུག དེ་སྔ་ཕྱི་ལོ་ ༢༠༠༦ ལོའི་འོས་བསྡུའི་འགན་འཛིན་རྣམས་ཀྱིས་མང་ཚོགས་ཀྱི་མངོན་འདོད་བཞིན་འོས་ནང་ག་པར་སླེབས་པ་དེ་དེ་བཞིན་སྟོན་གྱི་ཡིན་ཟེར་བའི་གྲོས་ཆོད་བཞག་པ་གཞིར་བཟུང་བཀའ་སྤྱི་གཉིས་ལ་ལམ་སྟོན་ཞུས་ཡོད། ང་ཚོས་ཀྱང་གནད་དོན་འདིའི་སྒང་ལ་མཐའ་མ་དེར་བཀའ་སྤྱི་གཉིས་ལ་ལམ་སྟོན་ཞུས་པ་རེད། བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ནང་། སྤྱི་འཐུས་ལྷན་ཚོགས་ནས་ས་ཁུལ་སྐོར་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ཐག་གཅོད་བྱ་རྒྱུ་ལས་སྤྱི་འཐུས་ལྷན་ཚོགས་ལ་དེར་ཐག་གཅོད་གནང་རྒྱུའི་གནས་བབ་མེད་ཅེས་ལན་འདེབས་གནང་སོང་། དེ་བཞིན་བཀའ་ཤག་ནས་ལན་འདེབས་གནང་བའི་ནང་། དེ་སྔ་ཕྱི་ལོ་ ༢༠༠༦ ལོར་ཡང་གནད་དོན་དེ་མཚུངས་ཤིག་བྱུང་འདུག་པ་བཞིན་ཆོལ་ཁུངས་ས་མཚམས་ཀྱི་གནད་དོན་ཐོག་འདི་ལས་ནས་ཐག་གཅོད་གནང་བསྡད་མ་མཆིས་ཞེས་ལན་འདེབས་ཕེབས་པ་རེད། དེར་བརྟེན་དེ་སྔ་གྲོས་ཆོད་བཞག་པ་གཞིར་བཟུང་འོས་བསྡུའི་འགན་འཛིན་རྣམ་པས་ཕྱག་ལས་གནང་ལམ་ལྟར། མང་ཚོགས་ཀྱི་མངོན་འདོད་གཞིར་བཟུང་འོས་མི་དེ་གཉིས་ཡང་བསྐྱར་འོས་ནང་བཞུགས་ཡོད་ལ། དབུས་འོས་བསྡུ་ལས་ཁང་ནས་གནད་དོན་དེའི་ཐོག་འགན་མ་འཁྱེར་བ་དེ་འདྲ་རྩ་བ་ཉིད་ནས་མེད། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་དེ་འདྲ་རེད་འདུག ཅེས་གསུངས་སོང་།

གསར་འགོད་གསལ་བསྒྲགས་ཀྱི་མཇུག་ཏུ་གསར་འགོད་པ་མང་པོས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་གི་གནད་དོན་ཐོག་དྲི་བ་དྲིས་སོང་ཡང་། ད་ལྟའི་ཆར་བལ་ཡུལ་མཆོད་འཇོར་གྱི་གནད་དོན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས་ཟིན་པའི་གནད་དོན་ཞིག་ཆགས་ཡོད་སྟབས། མཆོད་འཇོར་དང་འབྲེལ་བའི་དྲི་བ་ཁག་ལ་ཁྲིམས་སྒྲིག་གི་བཀག་རྒྱའི་གནས་སྟངས་ལ་གཞིགས་ནས་ལན་འདེབས་གསལ་བཤད་གནང་ཐུབ་ཐབས་མེད་སྐོར་དང་གཞི་རྩའི་བལ་ཡུལ་མཆོད་འཇོར་མི་མང་གི་འོས་བསྡུའི་ཐོབ་ཐབ་བཀག་སྐྱིལ་བྱས་པ་དེ་ཁྲིམས་མཐུན་ཡིན་མིན་སོགས་ཀྱི་གནས་སྟངས་དེ་ཁྲིམས་གཏུག་གི་བྱ་རིམ་ཁྲོད་གསལ་བོ་ཆགས་ངེས་ཡིན་སྐོར་སོགས་གསུངས་སོང་།
འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ས་གནས་སོ་སོར་འབྲེལ་བ་བྱས་ཏེ་བསྡུ་རུབ་བྱས་ཡོད་པ་ལྟར། སྔོན་འགྲོའི་གྲུབ་འབྲས་ཁྲོད་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༥ ཉུང་བ་དང་། སྲིད་སྐྱོང་འོས་མི་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༡༨༤ མང་བ་ཆགས། དངོས་གཞི་འོས་བསྡུའི་གྲུབ་འབྲས་ནང་སྐབས་ ༡༨ པའི་ཁོངས་སོ་སོའི་བོད་མི་མང་སྤྱི་འཐུས་ཀྱི་འདེམས་ཐོན་སྤྱི་འཐུས་ཨང་རིམ་འཁྲུལ་མེད་བྱུང་བ་མ་ཟད། ས་གནས་གཅིག་རང་གི་འོས་གྲངས་ཀྱིས་འོས་གྲངས་བརྒྱ་སྐོར་ཞིག་ཉུང་བ་ཆགས་པ་མ་གཏོགས་འོས་མི་ ༩༣ གྱི་གྲུབ་འབྲས་ཐིག་པོ་བྱུང་སོང་།



གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།





