རྩོམ་པ་པོ། ཆབ་མདོ་ངག་ཕུན།
རྩོམ་ཁུངས། བོད་ཀྱི་དུས་བབ།
དཀའ་ཚེགས་ལོ་ཟླའི་རྦ་རླབས་འཁྲུགས་ན་ཡང་།། མི་ཞུམ་བྱམས་པས་བུ་ཕྲུག་བརྩེ་བས་བསྐྱངས།།
བྱམས་སེམས་ལྡན་པའི་བདག་གི་སྐྱེད་མ་ལ།། སྙིང་གི་དབུས་ནས་བཀའ་དྲིན་ཡང་ཡང་དྲན།།
ཞེས་ཚིགས་སུ་བཅད་པས་སྔོན་བསུས་ཏེ། དེ་རིང་མི་རྣམས་ཀྱིས་”ཨ་མའི་དུས་ཆེན་”ཞེས་དྲན་གསོ་བྱེད་ཀྱི་འདུག ང་ཚོར་དེ་འདྲའི་དུས་ཆེན་སྲུང་བརྩི་བྱེད་པའི་གོམས་གཤིས་ཤིག་མེད་ནའང་། འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་ཞིག་དང་འབྲེལ་ནས་རང་གི་དྲིན་ཅན་ཨ་མ་ལགས་དྲན་གསོ་བྱེད་འདོད་བྱུང་།
ངའི་ཨ་མ་ནི་བོད་ཀྱི་གྲོང་གསེབ་ཀྱི་བུད་མེད་སྤྱི་མཚུངས་ལྟར་ལས་ལ་བརྩོན་ཞིང་། དུས་ཚོད་ཁོམ་པ་ནམ་བྱུང་ལ་མ་ཎི་བགྲང་བཞིན་ལས་ཀ་བྱེད་མཁན་ཞིག་ཡིན། ནང་ལས་རྫོགས་མཐའ་མེད་པ་བྱེད་དགོས་ཀྱང་། ཁོང་གིས་བྱས་ཡུས་དང་ངལ་བཤད་བྱེད་པ་ནམ་ཡང་མཐོང་མ་མྱོང་། ངའི་ཨ་མའི་ལུས་ལ་བོད་ཀྱི་ཕྱུ་པ་གྱོན་པ་ལས་གོས་ཐུང་གྱོན་པ་ནི་དེ་བས་ཀྱང་མཐོང་མ་མྱོང་ལ། ཁོང་ནི་ཕྱུ་པ་དང་གཏན་དུ་མ་བྲལ་བར་བཞུགས།
ཁོང་གིས་དཀའ་ལས་ག་ཚོད་བརྒྱབ་ཡོད་མེད་ནི། ཕྱུ་པའི་ཕུ་ཐུང་དང་གོས་ཀྱི་མཐའ་ཁ་ཟད་ནས་ལ་མོའི་དར་ལྕོག་བཞིན་གྱུར་ཡོད་པ་དེས་མཚོན་ཐུབ། ཞོགས་པ་སྔ་པོ་ནས་བཞེངས་ཏེ་མེ་ཁ་གསོ་བ་དང་། ནོར་གནག་བཞོས་ཟིན་རྗེས་རི་ལ་གཏོང་བ། འོ་མ་དཀྲོག་པ་སོགས་བྱེད། བུ་ཕྲུག་རྣམས་ཉལ་ས་ནས་ལངས་དུས་ཞོགས་ཇ་གྲ་སྒྲིག་བྱས་ཟིན། ཁོང་ལ་དལ་ལྷོད་དུ་སྡོད་ལོང་མེད་པར་ཇ་འཐུང་ཞོར་དུའང་འོ་མ་དཀྲོག་དགོས། ནོར་གྱི་ལྕི་བ་རློན་པ་རྣམས་བསྒྲུགས་ཏེ་ལྷས་རའི་རྩིག་ངོས་སུ་ལེབ་ལེབ་བྱས་ནས་བསྐམས་དགོས། དེ་དག་ཚར་རྗེས་སླེ་པོ་རྒྱབ་ཏུ་འཁུར་ནས་འབུད་ཤིང་འཐུ་བར་འགྲོ། ཚུར་ནང་དུ་སླེབས་མ་ཐག་ཉིན་གུང་གི་ཞལ་ལག་གཡོ་སྐོལ་བྱེད་དགོས།
ལོ་ཟླའི་འཁོར་མོ་དེའི་ནང་ཕྱི་ནང་གི་ལས་དོན་རྫོགས་མཐའ་མེད་པ་བྱེད་ཀྱི་ཡོད་མོད། བུ་ཕྲུག་ཚོས་ད་དུང་མ་རངས་པའི་རྣམ་འགྱུར་དུ་མ་ཞིག་ཨ་མར་སྟོན་གྱི་ཡོད། བུ་ཕྲུག་གིས་མ་འདོད་པ་ཇི་ཙམ་བསྟན་ནའང་། ཨ་མས་ནི་ཁ་ལག་ཞིམ་པོ་དང་གྱོན་ཆས་ལེགས་པོ་བྱུང་ཚེ། རང་གིས་ཟ་མི་ཕོད་པ་དང་གྱོན་མི་ནུས་པར་བུ་ཕྲུག་ལ་སྟེར་གྱི་ཡོད། ད་ཆ་དེ་དག་དྲན་དུས་དངོས་གནས་སེམས་ནང་གནོང་འགྱོད་ཆེན་པོ་སྐྱེ་དགོས་པ་ཞིག་རེད།
སྤྱིར་བཏང་ཨ་མ་ནི་གཞན་གྱི་སྐོར་ལ་ཁ་ལྕེ་འཕེན་རྒྱུར་དགའ་པོ་གཏན་ནས་མེད། ཡིན་ནའང་ཨ་མས་བུ་ཕྲུག་རྣམས་ལ་རྟག་ཏུ་ཟ་འཐུང་འགྲོ་འདུག་གི་བསླབ་བྱ་ནན་པོ་རྒྱག་གི་ཡོད་པས། བུ་ཕྲུག་རྣམས་ཨ་མར་སུན་སྣང་སྐྱེ་གི་ཡོད། ཨ་ཕ་ནི་དེ་འདྲ་མ་རེད།
དཔྱིད་ཀ་ཤར་བ་དང་། སླེ་པོའི་ནང་ལུད་འཁྱེར་ནས་ཞིང་ཁར་བླུག་པ་དང་། དེ་ནས་སྤོ་ཐོ་རྡུང་བ་སོགས་ལས་ཀ་འགོ་ཚུགས་ཀྱི་རེད། དབྱར་དུས་ཞིང་ཁར་ཆུ་འདྲེན་དགོས་པ་སོགས་ལས་ཀ་རྫོགས་མཐའ་མེད་པ་ཡོད། སྟོན་ཀའི་ལས་ཀའི་སྐབས་སུ། སྟོན་ཐོག་བརྔས་ནས་བམ་པོ་བཅིངས་དགོས་པ་དང་། ནང་དུ་ལས་ཀ་ཚར་ནས་སླེབས་དུས་ཀྱང་དལ་བར་བསྡད་ལོང་མེད་པར་དགོང་ཟས་གཡོ་སྐོལ་བྱེད་དགོས། སྐབས་རེ་ཐང་ཆད་དྲགས་ནས་ཐབ་ཚང་གི་འགྲམ་དུ་གཉིད་ཁུག་པ་ཐེངས་མང་མཐོང་མྱོང་།
ལྷག་པར་དུ་བོད་ནང་གི་གྲོང་གསེབ་ཀྱི་བུད་མེད་དག་གི་འཕྲོད་བསྟེན་གནས་སྟངས་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། སྐབས་དེ་དུས་ང་ཚོ་ཕྲུ་གུ་ཆུང་ཆུང་ཡིན་པས་དེ་ཙམ་ཧ་གོ་གི་མེད། བུད་མེད་རྣམས་ལ་ཟླ་མཚན་འབབ་དུས་དེང་རབས་ལྟར་གྱི་མཐུན་རྐྱེན་གཏན་ནས་མེད་པས། སྐབས་རེ་རྐང་པའི་ཉ་ཡུར་ལ་ཟླ་མཚན་འགོས་པ་དང་། ལམ་དུ་འགྲོ་དུས་ཟླ་མཚན་གྱི་ཐིགས་པ་འཛག་པ་སོགས་མཐོང་རྒྱུ་ཡོད། དེ་དུས་ཚོར་སྣང་གང་ཡང་མ་སྐྱེས་ཀྱང་། ད་ལྟ་ཕྱིར་དྲན་བྱེད་དུས་བོད་ཀྱི་གྲོང་གསེབ་བུད་མེད་ཚོའི་འཕྲོད་བསྟེན་གནས་སྟངས་སྐྱོ་པོ་དེ་འདྲ་ཡིན་པ་ཤེས་ཐུབ།
ལུང་པ་གཞན་འགའ་ཤས་ནང་བུད་མེད་ལ་ཟླ་མཚན་བབས་དུས་ཁང་པའི་ནང་ཡོང་མི་ཆོག་པར་ཕྱི་རོལ་དུ་སྡོད་དགོས་པའི་ལུགས་སྲོལ་ངན་པ་ཡོད་པ་འདྲ། ང་ཚོའི་བོད་ལ་དེ་འདྲའི་ལུགས་སྲོལ་མེད་ཀྱང་། བུད་མེད་ལ་ཟླ་མཚན་བབས་དུས་དགོན་པར་མཆོད་མཇལ་དུ་མ་ཕྱིན་ན་ལེགས་པར་བརྩི་བ་ཙམ་མ་གཏོགས། འགྲོ་མི་ཆོག་པའི་བཀག་སྡོམ་ནན་པོ་དེ་འདྲ་ཡོད་མ་རེད།
དགུན་དུས་གྲོང་གསེབ་ཀྱི་བུད་མེད་ཚོས་ངོ་གདོང་ལ་”ཨབ་འདམ”ཞེས་པ་ཞིག་བྱུག་གི་རེད། དེ་ནི་མར་ཁུའི་ནང་ཨབ་རའི་བག་ཆགས་(རྩོག་པ)བསྲེས་ནས་གཡོས་པ་ཞིག་ཡིན་ལ། དེས་དགུན་ཁའི་གནམ་གཤིས་གྲང་ངར་ཁྲོད་ངོ་གདོང་སེར་ཀ་མི་གས་པའི་ཕན་ཐོགས་ཆེན་པོ་ཡོད་ཟེར། ངས་ཆུང་དུས་ནས་ཨ་མས་དེ་ལྟར་བྱུག་པ་ཐེངས་མང་མཐོང་མྱོང་ཡོད། རྒྱུས་མེད་མི་ཚོས་མཐོང་ཚེ་ཡ་མཚན་སྐྱེ་སྲིད་མོད། དོན་དངོས་ཐོག་འདི་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མ་རེད། འདི་ནི་བོད་མཐོ་སྒང་དུ་འཚར་ལོངས་བྱུང་བའི་བུད་མེད་ཚོས་རང་བྱུང་ཁམས་ཀྱི་གནོད་པ་ལས་ངོ་གདོང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གདོད་མ་ཞིག་རེད།
ངའི་ཨ་མ་ནི་བྱམས་སེམས་ཤིན་ཏུ་ཆེ་ཞིང་། དུས་རྒྱུན་དུད་འགྲོ་སེམས་ཅན་ལ་ཧ་ཅང་བྱམས་སྐྱོང་གནང་གི་རེད། ལམ་ཁར་འབུ་སྲིན་ཞིག་ལྷུང་ཡོད་པ་མཐོང་ཚེ་ལམ་སེང་གཞན་གྱིས་མི་རྫི་བའི་ས་ཆ་བདེ་འཇགས་ཤིག་ཏུ་སྐྱེལ་བར་བྱེད། ཉིན་ཞིག་ང་ཨ་མའི་མཉམ་དུ་ལུང་པའི་ཕུ་ལ་འབུད་ཤིང་འཐུ་བར་ཕྱིན། ང་ཚོས་འབུད་ཤིང་འཐུ་བཞིན་པའི་སྐབས། གློ་བུར་དུ་མ་ཎིའི་དབྱངས་རྟ་སྙན་པོ་ཞིག་རྣ་ལམ་དུ་འཁོར་བྱུང་། སུ་ཡིན་ནམ་སྙམ་ནས་བལྟས་ཚེ། དེ་ནི་གཞན་སུ་ཡང་མ་རེད། ངའི་དྲིན་ཅན་གྱི་ཨ་མ་ལགས་རེད། ཨ་མས་མ་ཎི་ཡིག་དྲུག་གི་དབྱངས་རྟ་འཐེན་པ་གོ་བ་དེ་ནི་ང་ལ་མཚོན་ན་ཐེངས་དང་པོ་ཡིན། ངས་ནམ་ཡང་བརྗེད་ཐབས་མེད་པ་ནི། ཨ་མའི་ཞལ་རས་དེ་རེད། དཀའ་སྡུག་དང་ངལ་རྩོལ་ཅི་འདྲ་བྱུང་ནའང་། ཁོང་གི་ཞལ་རས་ལས་སུན་སྣང་གི་རྣམ་པ་ནམ་ཡང་མི་མངོན་པར། རྟག་ཏུ་བུ་ཕྲུག་ཚོར་བྱམས་བརྩེའི་འཛུམ་མདངས་ཀྱིས་ལྟ་སྐྱོང་གནང་བ་དེ་ཡིན།
དེ་བཞིན་ང་གྲོང་པའི་རོགས་པ་ཚོ་དང་མཉམ་དུ་འགྱིག་མདའ་འཁྱེར་ནས་བྱིའུ་བསད་པར་འགྲོ་མྱོང་ཡོད་ཅིང་། ནང་དུ་སླེབས་དུས་ཨ་མས་”བུ་རང་དེ་རིང་གང་དུ་ཕྱིན་པ་ཡིན།”ཞེས་དྲིས་བྱུང་། གཅེན་མོས་”གྲོང་པའི་རོགས་ཚོ་དང་མཉམ་དུ་བྱིའུ་བསད་དུ་ཕྱིན་སོང་།“ཞེས་ལབ་པ་དང་། ངའི་སེམས་ནང་”དེ་རིང་ཉེས་རྡུང་མྱོང་སོང་”བསམ་ནས་བསྡད་པས། ཨ་མས་”བུ་ཆུང་། བྱིའུ་བསད་ནས་གང་ཞིག་བྱ་རྒྱུ་ཡིན་ནམ། ཁྱོད་ལ་རྡོ་ཞིག་བཞུས་ཚེ་ཁྱོད་རང་གི་གཟུགས་པོར་ན་ཚ་བཏང་ནས་སྐད་ངན་ཤོར་གྱི་རེད་པ། དུད་འགྲོ་ལའང་དེ་འདྲའི་ན་ཚ་གཏོང་གི་རེད། རྗེས་མ་ནས་དུད་འགྲོར་གནོད་འཚེ་གཏན་ནས་བྱེད་མི་རུང་།”སོགས་བསླབ་བྱ་གནང་བ་ལས། ཤེད་ཤེད་(སྡིགས་མོ)བཏང་མ་སོང་། དུས་དེ་ནས་བཟུང་སྟེ་དྲིན་ཅན་ཨ་མ་ལགས་ཀྱིས་གསུངས་པ་དངོས་བདེན་རེད་བསམ་ནས་ངས་དུད་འགྲོར་གནོད་འཚེ་ཁྱོན་ནས་གཏོང་གི་མེད།
ང་ཚོའི་ལུང་པའི་ཕྱོགས་བཞིར་མ་ཎི་རྡོ་ཕུང་མང་པོ་ཡོད་ཅིང་། རིག་གསར་སྐབས་དེ་དག་གཏོར་ནས་མི་ཡར་མར་འགྲོ་སའི་ལམ་དུ་གཏིང་བ་དང་། ཁང་པའི་རྩིག་རྡོ་ཡང་བྱས་ཡོད། རྗེས་སུ་ཆོས་ལ་དད་མོས་བྱེད་ཆོག་པར་གྱུར་དུས་དེ་སྔོན་ཁང་པའི་རྩིག་རྡོ་བྱས་པ་དེ་དག་བརྗེ་པོ་བརྒྱབ་ནས་ཟུར་དུ་བཏོན་ནས་བཞག་ཡོད། སྐབས་རེ་ཨ་མས་བུ་ཕྲུག་རྣམས་ཁྲིད་ནས་མ་ཎིའི་རྡོ་དེ་དག་སྔོན་དུས་ཡོད་སར་འཁྱེར་བཅུག་གི་ཡོད།
ངས་ཨ་མ་ལགས་ལ། “འདི་དག་ག་རེ་བྱས་ནས་རྩིག་རྡོ་(མ་ཎི་རྡོ་ཕུང་)ཆགས་པ་རེད་དམ།”ཞེས་དྲིས། ཨ་མས་སེམས་སྐྱོ་སྣང་དང་འབྲེལ་ནས་འདི་ལྟར་གསུངས་བྱུང་། “འདི་ནི་‘རིག་གནས་གསར་བརྗེ་‘ཟེར་བའི་སྐབས་སུ་སྤྱི་ཚོགས་སྟེང་སློབ་གསོའི་ཁྱབ་བསྒྲགས་སྤེལ་བ་ཞིག་རེད། དེ་ཡང་‘ཀླད་རྙིང་མཁྲེགས་བཟུང་‘གི་ལྟ་བ་ངན་པ་དོར་ནས་‘སྤྱི་ཚོགས་རིང་ལུགས་‘ཀྱི་དམིགས་ཡུལ་དང་བསམ་བློ་གསར་པ་འཛིན་དགོས་པ། ལེགས་པོ་རྣམས་རྒྱུན་འཁྱོངས་དང་ནོར་འཁྲུལ་རྣམས་ཡོ་བསྲང་བྱེད་དགོས་པ། རང་སྐྱོན་རང་བརྗོད་དང་མི་སྐྱོན་ཐེར་འདོན་བྱེད་དགོས་པ། ལམ་དཀར་སྤྱི་ཚོགས་རིང་ལུགས་སུ་བགྲོད་པ་ལས་ལམ་ནག་མ་རྩ་རིང་ལུགས་སུ་གཏན་ནས་འགྲོ་མི་ཉན་ཚུལ་སོགས་བཤད་ཀྱི་ཡོད།”
“བསམ་བློ་རྙིང་པ་དང་། ལྟ་བ་རྙིང་པ། གོམས་གཤིས་རྙིང་པ། ལུགས་སྲོལ་རྙིང་པ་སྟེ་‘རྙིང་བཞི་‘རྩ་གཏོར་བཏང་ནས། བསམ་བློ་གསར་པ་དང་། ལྟ་བ་གསར་པ། གོམས་གཤིས་གསར་པ། ལམ་ལུགས་གསར་པ་བཅས་‘གསར་བཞི་‘འཛུགས་དགོས་ཚུལ་བཤད། བོད་ཀྱི་ཆོས་ལུགས་ནི་མི་མང་བཤུ་གཞོག་གཏོང་བྱེད་ཅིག་རེད་ཟེར་ནས་དུག་ལྟར་བརྩིས་པ་རེད། སྐབས་དེ་དུས་དེ་དག་ལ་མི་འདོད་པའི་རྣམ་འགྱུར་ཙམ་བསྟན་ནའང་ཉེས་རྡུང་ཕོག་གི་ཡོད་པ་རེད།”
“དེའི་སྐབས་སུ་བོད་ཀྱི་དགོན་སྡེ་དང་མཆོད་རྟེན་མང་པོ་གཏོར་བཤིག་བཏང་བ་རེད། ‘དམར་སྲུང་དམག་‘(Red Guards)ཟེར་བའི་གནས་གང་སར་ནས་འཛོམས་པའི་ན་གཞོན་རུ་ཁག་ཡོང་སྟེ། ང་ཚོའི་ལུང་པའི་མཆོད་རྟེན་འདི་དག་གཏོར་བཤིག་བཏང་སོང་། སྐབས་དེ་དུས་ང་ནང་ལ་ཡོད་ཅིང་། ན་གཞོན་རུ་ཁག་གིས་མའོ་ཙེ་ཏུང་ལ་བསྟོད་དབྱངས་ལེན་བཞིན་ཡོང་བ་དང་། ལུང་པའི་ཁྱི་བདག་མེད་རྣམས་བསད་དེ་ཤ་མེར་བསྲེགས་པས་ལུང་པ་གང་དྲི་ངན་གྱིས་ཁྱབ། ཁྱིམ་ཚང་སོ་སོར་རིམ་བཞིན་ཡོང་སྟེ་ནང་གི་ལྷ་སྐུ་དང་རྟེན་གསུང་ཡོད་ཚད་ཕྱིར་བཏོན་ནས་མེར་བསྲེགས་པ་དང་། ཆུ་ལ་བསྐྱུར་བ། བཙོག་གཅིན་གཏོང་སར་གཡུགས་པ་སོགས་བྱས་སོང་། མ་ཎི་རྡོ་ཕུང་འདི་དག་ཀྱང་སྐབས་དེ་དུས་གཏོར་བཤིག་བཏང་བའི་ལྷག་འཕྲོ་རེད། གནས་ཚུལ་དེ་དག་དྲན་དུས་སེམས་སྐྱོ་དགོས་པ་རེད།”ཅེས་གསུངས།
སྐབས་དེའི་ཨ་མའི་ཞལ་རས་ཀྱི་སེམས་སྐྱོའི་རྣམ་འགྱུར་དེ་དག་ད་ལྟའང་ཡལ་བ་མེད་པར་ངའི་སེམས་ངོགས་སུ་གསོན་པོར་གནས་འདུག། གང་ལྟར་ཨ་མ་ནི་བཀའ་དྲིན་ཆེན་པོ་ཡིན་པས། ཨ་མ་འཚོ་བཞུགས་སྐབས་སུ་ངེས་པར་དུ་ཨ་མར་ལྟ་རྟོག་བྱ་རྒྱུ་དེ་ནི་གལ་ཆེའི་གནད་དོན་ཞིག་རེད་སྙམ།
སྨྲས་པ།
མཚན་མོའི་དཀར་གསལ་ཟླ་བ་དེ། །ནམ་མཁའི་དབྱིངས་ནས་ཤར་བའི་ཚེ། །
བདག་ལ་བཀའ་དྲིན་ཆེ་བའི་མ། །སེམས་ཀྱི་དབུས་སུ་ལྷང་ངེར་དྲན། །
འཁོར་བའི་ལོ་ཟླ་འདས་ན་ཡང་། །དྲིན་ཅན་ཨ་མའི་བཀའ་དྲིན་ནི། །
ནམ་ཡང་བརྗེད་ཐབས་མེད་པའི་ཕྱིར། །སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ། །
ད་ནངས་ཡར་ལ་ལངས་པའི་དུས། །དྲོད་འཇམ་ཉི་མ་ཤར་ནས་བྱུང་། །
དྲོད་སྐྱིད་ལྡན་པའི་ཉི་གཞོན་ལགས། །མ་བཞུད་གཏན་དུ་བཞུགས་སུ་གསོལ། །
ཡུལ་གྱི་ཉམས་དགའ་བཀོད་ལེགས་ལྡན། །ལྷ་བྱ་ཁྲུང་ཁྲུང་འབབ་པར་འདུག །
ཡུལ་ཕྱོགས་གཞན་ལ་མ་འཕུར་བར། །སྤང་ལྗོངས་སྟེང་ལ་བརྟན་པར་བཞུགས། །
ད་ལོ་གནམ་གཤིས་བཟང་བའི་མཐུས། །ཕ་མའི་ཞལ་ལ་འཛུམ་མདངས་རྒྱས། །
བུ་ཆུང་སེམས་ཀྱི་གཏིང་རུམ་ན། །དགའ་བའི་འཛུམ་དེ་བརྗེད་ཐབས་མེད། །
དགུང་ནས་སྦྲང་ཆར་བབས་པའི་མོད། །ས་ནས་ལྗང་ཆུང་འབུས་ནས་བྱུང་། །
ལོ་ལེགས་རེ་བའི་ཞིང་པ་རྣམས། །དགའ་བའི་འཛུམ་མདངས་རབ་ཏུ་རྒྱས།།