མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་།

མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་སྐུ་ཚེ་མི་གཤེགས་རྡོ་རྗེའི་ཁམས་སུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་ནས་༸མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་རིགས་གསུམ་པདྨའི་རང་མདངས་གཟེངས་རྟགས་དང་། ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ནས་བྱམས་བརྩེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་། ད་ལན་བརྟན་བཞུགས་བསྟར་འབུལ་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཨ་རི་དང་། ཁེ་ན་ཌ། ཨོ་གླིང་། ཡུ་རོབ་རྒྱལ་ཁབ་ཁག དྷ་ས་སོགས་ནས་སེར་སྐྱ་མི་མང་ ༦༠༠ ཙམ་དང་། ཧི་མ་ལ་ཡའི་ཆོས་ཚོགས་ནས་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དང་། ལ་དྭགས། ཧི་མ་ཅལ། ཇ་མུ་དང་ཀ་ཤི་མིར་ནང་དཔལ་གྷར་ (Palghar)། ཨུ་ཏ་ར་ཁན་ཌི་ (Uttarakhand)། ནུབ་བྷན་གྷལ་ (West Bengal)། ཨ་རུ་ན་ཅལ་བཅས་མངའ་སྡེ་བདུན་ནས་ཚོགས་བཅར་བ་ ༩༠༠ ཡས་མས་མཉམ་ཞུགས་གནང་འདུག

ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱི་བྱམས་བརྩེའི་གཟེངས་རྟགས་ཀྱི་མཚོན་དོན་ནི། ༡) འཛམ་གླིང་གླིང་ཆེན་ལྔའི་སྐྱེ་འགྲོ་རྣམས་ལ་མགོན་པོ་གང་གི་ཐུགས་བྱམས་པ་དང་སྙིང་རྗེ། ཡེ་ཤེས་ལྔའི་འཕྲིན་ལས་རྒྱུན་མི་ཆད་པར་འཇུག་པའི་མཚོན་དོན་དུ་རྒྱུ་རིན་ཆེན་དངུལ་ལས་གྲུབ་པའི་གཏེར་ཆེན་གྱི་བུམ་པ་རིན་ཆེན་སྣ་ལྔས་བཀང་ཞིང་བཀྲ་ཤིས་རྟགས་བརྒྱད་ཀྱི་འབུར་རིས་རིན་ཆེན་གསེར་ཚག་ཚར་དུ་དངར་བས་བརྒྱན་པ། ༢) འགྲོ་བ་མིའི་རིགས་ཡོངས་ལ་བྱམས་བརྩེའི་སྤྱོད་པ་དར་དཀར་ཡུག་གཅིག་གིས་ཁྱབ་ཅིང་ཆོས་ལུགས་རིགས་སུ་མ་མཆིས་པ་མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་བའི་མཚོན་དོན་དུ། བཀྲ་ཤིས་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་ཏོག་གིས་བརྒྱན་པ། ༣) བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ། བོད་ཀྱི་བདེན་དོན་ཁག་ཡུག་དང་བཅས་པ་རྒྱུན་འཛིན་དང་ཉམས་གསོ་མཛད་པའི་མཚོན་བྱེད་དུ། མདུན་དུ་རང་ཅག་ཁ་བ་རི་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཡི་གེའམ་བྷོར་ཊའི་ཡི་གེས་མཚན་བྱང་བཀོད་པ། ༤) རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་འབྲེལ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་གནང་རྒྱུའི་རླབས་ཆེན་དགོངས་གཞི་དང་མཛད་འཕྲིན་རྣམས་མཚོན་ཆེད་དུ། གཡས་སུ་ཧིན་དྷི་དང་གཡོན་དུ་དབྱིན་ཡིག་ཐོག་མཚན་བྱང་བཀོད་འདུག

མདོ་ཁམས་ཆུ་བཞི་སྒང་དྲུང་གཞིས་བྱེས་གཉིས་ནས་རིགས་གསུམ་པདྨའི་རང་མདངས་ཞེས་པའི་གཟེངས་རྟགས་ཀྱི་མཚོན་དོན་ནི། རྒྱལ་བ་རིག་གསུམ་མདོན་པོའི་ཕྱག་མཚན་གསེར་དངུལ་བཀྲ་མའི་སེང་གེས་བཏེགས་པ། པདྨས་སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་དང་། རྡོ་རྗེས་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་ཀྱི་མཐུ་སྟོབས་ནུས་པ། རང་གྲིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྒྱུད་ལ་མངའ་བའི་མཁྱེན་རབ་མཚོན་ཞིང་། རང་ཅག་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རིགས་གསུམ་སྒྱུ་འཕྲུལ་གཅིག་ཏུ་འདུས་པའི་བདག་ཉིད། མཁྱེན་བརྩེ་ནུས་གསུམ་གྱི་བླ་མ། ༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོ་ནར་ངེས་ཤིང་། ཕྱག་མཚན་རྣམས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་སྟེང་དུ་ལྷང་ངེར་བཏེགས་པ། མགོན་པོ་གང་ཉིད་བོད་མི་རིགས་ཀྱི་མགོན་དཔུང་དམ་པར་ཞགས་པད་གཡོ་བ་མེད་པར་རྟག་ཏུ་གནས་པར་མཚོན། གཡས་གཡོན་གཉིས་ཀྱི་པདྨ་ཟུང་གིས་ལུགས་གཉིས་ཀྱི་འཕྲིན་ལས་མཚོན་ཞིང་། པདྨ་གཉིས་ཀྱི་ཡུ་བ་ཆུ་རིས་ཀྱི་རྣམ་པ་ཅན་བཞིས་ཆུ་བཞི་དང་། ལོ་འདབ་དྲུག་གིས་སྒང་དྲུག དཀྱིལ་གྱི་པདྨ་དང་ཉེ་བར་འབྲེལ་བ་འདི་དག་གིས་བོད་མི་རིགས་འཇིག་ཉེན་གྱི་སོ་མཚམས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གིས་རྒྱལ་བསྟན་ཆབ་སྲིད། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱྭའི་སྲུང་སྐྱོབ་དང་དད་དམ་གཡོ་བ་མེད་པའི་ལྷག་བསམ་རྣམ་པར་དག་པ་མཚོན། འབུལ་མཚོན་གཙོ་བོ་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་གསེར་ཟངས་ལས་གྲུབ་པ། ཁྲུ་ཚད་དབྱིན་ཇི་ ༡༥ ཅན། གྲངས་ ༡༡༣ གསར་བཞེངས་ཞུས་ཏེ། ལྷ་བླའི་ལུང་བསྟན་དང་། ༸མགོན་པོ་གང་ཉིད་ཀྱིས་ཐུགས་དམ་གཡོ་བ་མེད་པའི་ཞལ་བཞེས་གནང་དགོན་ལྟར། མགོ་ནག་བོད་མི་ཡོངས་དང་འཛམ་གླིང་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་མངོན་འདོད་བཞིན་དགུངས་གྲངས་ ༡༡༣ ལྷག་བརྟན་པར་བཞུགས་རྒྱུའི་རྟེན་འབྲེལ་མ་འཁྱུག་པར་མངོན་འགྱུར་ཡོང་བའི་རྟེན་དུ་ཕུལ་བ་ཡིན་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།

དེ་རིང་འདི་གའི་གསར་འགོད་པས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་པདྨ་གྲུབ་དབང་ལགས་སུ་བརྟན་བཞུགས་ཕུལ་བའི་རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར་ཁོང་གིས། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་མེད་པ་ཚང་མས་ཤེས་གསལ་རེད། ཡིན་ནའང་། ད་ལན་བོད་མིའི་སྒྲིག་འཛུགས་ཀྱིས་བྱམས་བརྩེའི་ལོ་སྲུང་གཙི་ཞུ་ཡི་ཡོད་རེད་ལ། ང་ཚོ་སྐྱེས་བུ་རྣམ་ལྡན་ཡོངས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་བརྟན་བཞུགས་འདི་ཚོགས་པ་སྐྱིད་སྡུག་ཁག་མང་པོ་ཞིག་གིས་ཕུལ་དང་འབུལ་མུས་ཡིན་པ་མ་ཟད། ང་ཚོ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོས་ནས་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་གང་ཉིད་མཆོག་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་རྒྱས་པ། ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པར་བརྟན་བཞུགས་བསྟར་འབུལ་ཞུས་པ་ཡིན། ཞེས་དང་། ༸གོང་ས་མཆོག་ལ་བརྟན་བཞུགས་བརྒྱ་དང་སྟོང་སོགས་ག་ཚོད་ཕུལ་རུང་། བཀའ་དགོངས་ལས་ལྷག་པ་ཞིག་མེད་པ་རེད། དེང་སང་བཀའ་དགོངས་འགྲུབ་དགོས་རེད་ཟེར་ནས་ཤོད་མཁན་མང་པོ་ཡོད་ཀྱང་། ནམ་ཞག་རྒྱུན་དུ་ནས་༸གོང་ས་མཆོག་གི་བཀའ་དགོངས་ཇི་ཙམ་འགྲུབ་ཀྱི་ཡོད་མེད་ངེད་གཉིས་ཀ་ལའང་དྲི་བ་རེད། དེར་བརྟེན་ཚང་མས་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད། བོད་ནང་ཡོད་པའི་བོད་མི་ཚོ་བརྟན་བཞུགས་ལ་མི་དངོས་པོ་དང་རྒྱུ་དངོས་པོ་འདིར་ཡོང་ས་མེད་ཀྱང་། སྐུ་ཕྱྭའི་ཞབས་རིམ་དང་མ་ཎི་དུང་སྒྲུབ་གསོག་པའི་ཐོ་བརྒྱ་ཕྱག་དང་འབུམ་ཕྲག་བསགས་པ་སོགས་འབྱོར་བའི་སྐབས། དངོས་གནས་དྲང་གནས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་དོན་དངོས་སུ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དང་། ང་ཚོས་༸མགོན་པོ་གང་ཉིད་མཆོག་ལ་སྤྲེལ་ལད་ཙམ་མིན་པར་དོན་དངོས་སུ་ཁོང་གི་བཀའ་སློབ་དེ་དག་སྙིང་ལ་བཅངས་དགོས་པའི་དུས་ལ་སླེབས་འདུག ༸མགོན་པོ་གད་ཉིད་ཀྱིས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཞེས་གསུངས་པ་ལྟར། ང་ལའང་འགན་འདུག་ལ། ཁྱེད་རང་ལའང་འགན་འདུག་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་མ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། ༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་ཞུ་ཡི་ཡོད་པ་དང་བསྟུན། དེ་རིང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ནས་རྒྱ་གར་གྱི་མངའ་སྡེ་བདུན་ནས་ཚོགས་བཅར་བ་ ༩༠༠ ཡས་མས་མཉམ་ཞུགས་གནང་ཡོད་ཅིང་། ༸གོང་ས་མཆོག་གི་འཛམ་གླིང་སྤྱི་ལ་སྨན་པའི་རླབས་ཆེན་གྱི་མཛད་རྗེས་མང་པོ་ཡོད་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་མཚོན་ཆེད། དེ་བཞིན་རྟེན་འབྲེལ་མཚོན་སླད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ཅེས་དང་། ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་དང་། རྒྱ་གར་ཧི་མ་ལ་ཡའི་དཔལ་ན་ལེཎྜའི་སྲོལ་རྒྱུན་ཚོགས་པ་ཟེར་བ་གཉིས་ཡོད་ལ། ༸མགོན་པོ་གང་ཉིད་ཀྱིས་ཕྱི་ལོ་ ༡༩༨༠ ཙམ་ནས་བཟུང་ཚོགས་པ་གཉིས་པོར་གཟིགས་པ་ཆེན་པོ་གནང་གི་ཡོད་པ་རེད། རྒྱུ་མཚན་ནི་གཙོ་བོ་རྒྱ་གར་ཧི་མ་ལ་ཡ་ཤར་མོན་དང་ནུབ་ལ་དྭགས་བར་དཔལ་ན་ལེཎྜའི་སྲོལ་རྒྱུན་དེ་ང་ཚོར་ལོ་ངོ་སྟོང་ཕྲག་སྔོན་ནས་དར་བ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་རྒྱུ་དང་། ༸གོང་ས་མཆོག་དུས་ནས་དུས་སུ་ས་གནས་ས་ཐོག་ཏུ་ཆིབས་བསྒྱུར་གནང་སྐབས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱིས་བཀའ་འགྱུར་དང་བསྟན་འགྱུར་རྣམས་མཆོད་གཤོམ་དུ་སྒྲིག་པ་ཙམ་མིན་པར། བཀའ་འགྱུར་བསྟན་འགྱུར་དེ་དག་སོ་སོའི་སློབ་དེབ་ཡིན་པ་བཞིན་པ་སློབ་གཉེར་གནང་དགོས་པ་དང་། སོ་སོའི་ཕྲུ་གུར་བོད་ཀྱི་སྐད་ཡིག་སློབ་ཁྲིད། དེ་བཞིན་རིག་གནས་ཆེ་ཆུང་རྣམས་བསླབ་པ་སློབ་གཉེར་བྱེད་དགོས་པ། ཁོར་ཡུག་སྲུང་སྐྱོབ་གནང་དགོས་གལ་ཆེ་སྐོར་སོགས་བཀའ་སློབ་རབ་དང་རིམ་པ་གནང་གི་ཡོད་པ་ཇི་བཞིན་ཚོགས་པ་ཁག་གིས་སྣེ་འཁྲིད་དེ་ས་གནས་ས་ཐོག་ཏུ་མི་མང་རྣམ་པས་འཛིན་སྐྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

སྐར་མ ༡༡ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

སྐར་མ ༤༢ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese