སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་བ་ཀུ་མཱར་མཆོག་ལ་འཚམས་འདྲི་ཞུས་འདུག

དེ་རིང་ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་ (D. K. Shivakumar) མཆོག་ནས་ལས་འཁུར་དམ་འབུལ་ཞུས་ཡོད་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་བ་ཀུ་མཱར་ (D. K. Shivakumar) མཆོག་གིས་ལས་འཁུར་དམ་འབུལ་ཞུས་པར་འཚམས་འདྲི་ཞུས་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་འཚམས་འཕྲིན་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁྱེད་རང་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རང་སྤྱི་ཁྱབ་བློན་ཆེན་གྱི་གོ་གནས་སུ་བསྐོ་གཞག་བྱུང་བ་ནི་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་མགོ་འཁྲིད་ཀྱི་ནུས་པ་དང་། ཡར་རྒྱས་ལ་དམིགས་པའི་ཕྱག་ལས་གནང་སྟངས་ལ་ངོས་འཛིན་ཆེན་པོ་ཐོབ་པ་ཞིག་ཡིན་པ་མ་ཟད། ཡུལ་དེའི་མི་མང་གི་མངོན་འདོད་ཀྱི་མཚོན་དོན་ཤུགས་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད། ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། ཀར་ན་ཊ་ཀ་དང་བོད་མིའི་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་རྗེས། ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་སྐུ་ཞབས་ནི་ཇ་ལིང་ག་པ་ (S. Nijalingappa) མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་སྦེལ་ཀོབ་ཏུ་ས་ཞིང་ཨེར་ཀ་ ༣༠༠༠ ལྷག་གཏོང་ཕོད་ཆེན་པོས་མཁོ་སྤྲོད་གནང་ཡོད་ལ། དེ་ལ་བརྟེན་ནས་བོད་མི་སྟོང་ཕྲག་མང་པོར་རང་ཉིད་ཀྱི་འཚོ་བ་བསྐྱར་གསོ་དང་། རིག་གཞུང་ཉར་ཚགས་ཐུབ་པ་བྱུང་ཡོད། ཁྱེད་ཀྱི་སྣེ་འཁྲིད་འོག་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། དམ་པ་སྐུ་ཞབས་ནི་ཇ་ལིང་ག་པ་ (S. Nijalingappa) མཆོག་གི་མཛད་རྗེས་བཞིན། ཁྱེད་ཉིད་ཀྱིས་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་བའི་དུས་ཡུན་རིང་། ཡུལ་དེའི་མི་མང་དང་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་འབྱུང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ལ། ཁྱེད་ཀྱི་སྣེ་འཁྲིད་འོག་བོད་དང་རྒྱ་གར་བར་གྱི་མཛའ་འབྲེལ་དང་ཕན་ཚུན་བརྩི་བཀུར་གྱིས་འབྲེལ་བ་ཇེ་བརྟན་དུ་འགྲོ་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསལ་འདུག
སྐུ་ཞབས་ཌོ་ཌ་ལ་ཧ་ལི་ཀེམ་པེ་གྷོ་ཌ་ཤི་བ་ཀུ་མར་ (Doddalahalli Kempegowda Shivakumar) མཆོག་ནི་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཀེམ་པེ་གྷོ་ཌ་ (Kempegowda) རུ་སྐྱེས་ཤིང་། ཁོང་ནི་རྒྱ་གར་ནང་གི་ཆབ་སྲིད་པ་ཕྱུག་ཤོས་གྲས་ཤིག་ཡིན་པ་མ་ཟད། ཚོང་པ་ཞིག་ཀྱང་ཡིན་འདུག ཁོང་ནི་རྒྱ་གར་རྒྱལ་ཡོངས་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་འཐུས་མི་ཡིན་པ་དང་། ཕྱི་ལོ་ ༢༠༢༠ ནས་བཟུང་ཀར་ན་ཊ་ཀ་མངའ་སྡེའི་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ཕྱག་ལས་གནངས་དང་གནང་མུས་ཡིན་པ་རེད། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ཀར་ན་ཊ་ཀའི་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་ཚབ་ཀྱི་ལས་དོན་གཉེར་ཡོད་ལ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་ཀར་ན་ཊ་ཀ་མངའ་གཞུང་གི་བཀའ་བློན་གྱི་ཕྱག་ལས་གནང་མྱོང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




