ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༢ པ་དེ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ཚོགས་གཏན་ཁེལ།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༢ པ་དེ། ལོ་རྗེས་མའི་ཕྱི་ཟླ་ ༧ ཚེས་ ༡ ནས་ ༢༠ བར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ཚོགས་གཏན་ཁེལ་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག ལོ་ལྟར་བཙན་བྱོལ་བོད་མིའི་ས་གནས་ཁག་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཚོགས་ཐུབ་མེད། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་། ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་(Clementown)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས། ༢༠༢༣ ལོར་དྷ་རམ་ས་ལ། ༢༠༢༤ ལོར་ཧོན་སུར་རབ་རྒྱས་གླིང་། ཕྱི་ལོ་ ༢༠༢༥ ལོར་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་འཚོགས་ཡོད་པ་རེད། ད་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་འཚོགས་ཡོད་པ་རེད།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲ་རྒྱར་གཞིགས་ན། ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༡ བྱས་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། ༢༠༡༦ ལོར་ཊི་ཌི་ཨེལ་སྦེལ་ཀོབ་རུ་ཁག ༢༠༡༧ ལོར་བཀྲིས་གླིང་ཧི་མ་ལ་ཡ་རུ་ཁག ༢༠༡༨ དང་ ༢༠༡༩ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག ༢༠༢༡ ལོར་སིམ་ལ་རུ་ཁག ༢༠༢༢ ལོར་དོན་གྲུབ་གླིང་རུ་ཁག ༢༠༢༣ ལོར་དྷ་ས་གཅིག་སྒྲིལ་རུ་ཁག ༢༠༢༤ དང་ ༢༠༢༥ དང་ ༢༠༢༦ ལོར་མོན་གྷོ་རུ་ཁག་བཅས་ལ་རྒྱལ་ཁ་ཐོབ་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





