འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༡ བཞེས་པའི་སྐུའི་འཁྲུངས་སྐར་དེ་བཞིན་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་མཆོག་གིས་སྣེ་ཁྲིད་པའི་རང་གཞུང་ལྷོ་སྤྱི་ལས་ཁུངས་དང་། འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་ཉིན་ཤས་རིང་བྷང་ལོར་(Bengaluru)ཁུལ་དུ་སྲུང་བརྩི་རྒྱ་ཆེར་ཞུས་པའི་སྐོར་སྙིང་བསྡུས་ཤིག་ནི།
དེ་ཡང་ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༤ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཧིན་དི་སོགས་ཆོས་ལུགས་ཆེ་ཁག་གི་སྐུ་ཚབ་རྣམ་པས་མཚོན། ཕྱི་ནང་གི་སྐུ་མགྲོན་གདན་འཛོམས་པའི་སར་༸མགོན་པོ་མཆོག་གི་འཁྲུངས་སྐར་སྔ་བསྣུར་གྱིས་སྲུང་བརྩི་གཟབ་རྒྱས་ཞུས་ཤིང་། ཕྱི་ཚེས་དྲུག་སྟེ་འཁྲུངས་སྐར་དངོས་གཞིའི་ཉིན་ས་གནས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་རྗེས། ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་འཁྲུངས་སྐར་མུ་མཐུད་སྲུང་བརྩིའི་སླད་བྷང་ལོར་དུ་གྲྭ་ཚང་མཁན་རིན་པོ་ཆེ་སྐུ་འཁོར་བཅས་ཆེད་ཕེབས་གནང་། དེ་གར་སྔར་ནས་གྲ་སྒྲིག་ཡོད་པ་བཞིན་ལྷོ་སྤྱི་ལས་ཁུངས་ནས་བཞུགས་གནས་སོགས་གོ་སྒྲིག་གནང་།
ཕྱི་ཟླ་ ༧ ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་ལས་འཆར་གོ་སྒྲིག་ཡོད་པ་ལྟར་ཆུ་ཚོད་བཅུ་བ་ཙམ་ལ་ཇོ་ཊེས་ནཱེ་ཝ་སི་(Jyoti Nivas College) ཞེས་པའི་བུད་མེད་མཐོ་སློབ་དེར་འབྱོར་རྗེས།
དེ་གའི་སློབ་སྤྱི་གཙོས་འབྲེལ་ཡོད་རྣམ་པས་སྣེ་ལེན་གང་ལེགས་གནང་། ད་ལྟ་མཐོ་སློབ་དེ་གར་བོད་རིགས་སློབ་མ་བཅོ་བརྒྱད་ཀྱིས་སློབ་སྦྱོང་གནང་བཞིན་ཡོད་འདུག སྐུ་ངོ་ལྷོ་སྤྱི་མཆོག་གིས་མཐོ་སློབ་གང་དེས་བོད་རིགས་སློབ་མ་ཚོར་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཀྱང་ཞུས་གནང་སོང་། ལས་ཁུངས་སུ་མཐོ་སློབ་གང་དེའི་གནད་ཡོད་མི་སྣ་ཚོར་མཁན་རིན་པོ་ཆེ་དགེ་བཤེས་འཇིགས་མེད་རྒྱ་མཚོ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་མཛད་འཕྲིན་སྐོར་ངོ་སྤྲོད་དང་འབྲེལ་ཕན་ཚུན་གསུང་གླེང་གནང་ཞིང་། མཇུག་ཏུ་འཚམས་འདྲིའི་ཕྱག་རྟགས་བཅས་འབུལ་ལམ་ཞུས།
ཉིན་གུང་མཁན་རིན་པོ་ཆེ་དང་ལྷོ་སྤྱི་སྐུ་ངོ་བཅས་ནས་ཀ་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཐཱ་ཝར་ཆིན་ཌ་གྷེ་ལོ་ཊི་མཆོག་ (Honorable Governor of Karnataka, Mr. Thaawarchand Gehlot.) ལ་ཁོང་གི་གཞུང་ལས་ཁང་ནས་མཇལ་འཕྲད་ཞུས་ཤིང་། སྐབས་དེར་ལྷོ་སྤྱི་སྐུ་ངོ་མཆོག་གིས་ཧིན་སྐད་ཐོག་གསུང་བསྒྱུར་དང་འགྲེལ་བཤད་གནང་བ་བརྒྱུད་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་མཛད་འཕྲིན་དང་འབྲེལ་ཁོང་གི་རླབས་ཆེན་དགོངས་གཞི་དང་།
ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། དེ་བཞིན་རྒྱ་གར་གཞུང་དང་ལྷག་དོན་ཀ་ནཱ་ཊ་ཀ་མངའ་སྡེ་ནས་ད་བར་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་སོགས་ཞུས་གནང་བ་དང་། མངའ་སྡེའི་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ་གནད་དོན་ཁག་གི་ཐད་ཐུགས་སྣང་ཆེན་པོས་བཀའ་མོལ་གནང་། མཇུག་ཏུ་ཕྱག་རྟགས་ཁག་ཅིག་འབུལ་ལམ་ཞུས་ཏེ་མཇལ་འཕྲད་ལྷོད་པོ་དང་གཟི་བརྗིད་ལྡན་པའི་ངང་ལེགས་པར་གྲུབ།
དེ་རྗེས་མོན་ཊི་ཁལ་མེལ་(Mount Carmel College) ཞེས་པའི་མཐོ་སློབ་ཏུ་ཕེབས་ཏེ། གསུང་བསྒྱུར་དགེ་སློང་བསྟན་འཛིན་རབ་དགའ་ལགས་བརྒྱུད། མཁན་རིན་པོ་ཆེ་མཆོག་གིས་སློབ་མ་མི་ཉུང་བར་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར། དེ་བཞིན་བོད་ཀྱི་རིག་གཞུང་གི་གལ་གནད་དང་གནའ་བོའི་རྒྱ་གར་གྱི་ཤེས་རིག་སླར་གསོ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཞིང་། མཇུག་ཏུ་དྭགས་པོ་བསྟན་འཛིན་ལགས་ཀྱིས་ཆུའི་གལ་གནད་དང་བདག་གཅེས་གནང་ཕྱོགས་སྐོར་ལ་གཏམ་བཤད་གནང་།

ཉིན་རྒྱབ་མངའ་སྡེ་གཞུང་གི་གྲོས་ཚོགས་ལྷན་ཁང་(Visit to Vidhana Soudha) དུ་བཅར་བར་བོད་ཀྱི་གྲོགས་པོ་རྙིང་བ་ཤྲི་ཤཱ་ཤི་ (Shri Shashi) ལགས་ཀྱིས་མཛའ་བརྩེ་ལྡན་པའི་ངང་སྣེ་ལེན་གནང་བ་ལྟར། ཁོང་གི་གཞུང་ལས་ཁང་ནས་མཁན་རིན་པོ་ཆེ་དང་མཇལ་འཕྲད་ཀྱིས་བཀའ་མོལ་ལྷོད་པོ་གནང་།
ཁོང་ནི་༸གོང་ས་མཆོག་ལ་དགའ་གུས་ཆེན་པོ་ཞུ་མཁན་ཞིག་དང་། ཐོག་མཐའ་བར་གསུམ་དུ་བོད་ཀྱི་དགོན་སྡེ་ཁག་དང་གཞིས་ཆགས་ལ་རྒྱབ་སྐྱོར་རོགས་རམ་ཤུགས་ཆེར་གནང་མཁན་ཞིག་ཡིན་པས། ཁོང་ལ་ད་དུང་མུ་མཐུད་ནས་རོགས་རམ་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་སོང་།
ཕྱི་དྲོར་སྡོད་གནས་ཉེ་འཁོར་གྱི་(Tibetan Youth Hostel) བོད་དང་ཧི་མ་ལ་ཡའི་སློབ་ཕྲུག་སྐོར་ཅིག་ལ་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་ནས་བརྩམས་ཏེ་བོད་ཀྱི་ཆོས་རིག་དང་། ད་ལྟའི་ཛ་དྲག་རང་བཞིན་གྱི་གནས་སྟངས་དང་དཔའ་བོའི་བློས་གཏོང་། རང་གི་རིག་གཞུང་དང་མི་རིགས་ལ་སྤོབས་པ་སྐྱེ་དགོས་པ་གལ་ཆེན་ཡིན་པའི་སྐོར་སོགས་ངོ་སྤྲོད་དང་དྲི་བ་དྲིས་ལན་བཅས་གནང་ཡོད།
ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་མཁན་རིན་པོ་ཆེ་དང་སྐུ་ངོ་ལྷོ་སྤྱི་སོགས་ལ་ཇཱོ་སེ་ཧྥུ་གཙུག་ལག་སློབ་གྲྭ་ཆེན་མོའི་ (St. Joseph’s UNIVERSITY ) ངོས་ནས་སྣེ་ལེན་གཟབ་རྒྱས་གནང་ཞིང་། གཙུག་ལག་སློབ་གྲྭ་དེའི་ཚོགས་ཁང་ཆེན་མོའི་ནང་༸མགོན་པོ་མཆོག་གི་འཁྲུངས་སྐར་མཛད་སྒོ་གཞི་རྒྱ་ཆེ་བ་སྤེལ། ཐོག་མར་ཆར་སློབ་དཔོན་ཆེན་མོ་ཆཱ་ཁུ་ར་བྷར་ཊི་ (Prof. Sujoy Chakrabarti, Department of English) ལགས་ཀྱིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་མཛའ་བརྩེའི་འཚམས་འདྲི་དང་འབྲེལ་ཕེབས་བསུའི་གསུང་བཤད་གནང་བ་དང་། ཀ་ལོན་སྦུག་ནས་ཆེད་དུ་གདན་དྲངས་པའི་གངས་ལྗོངས་ཟློས་གར་ཚོགས་པ་ནས་བོད་ཀྱི་རིག་གཞུང་མཚོན་པའི་འཁྲབ་སྟོན་ཁག་གཟིགས་འབུལ་ཞུས། མཁན་རིན་པོ་ཆེ་མཆོག་གིས་དབུས་སྐུ་མགྲོན་ཁག་གིས་གཏམ་བཤད་རིམ་པར་གནང་བ་དང་། ཡུལ་དངོས་སུ་སློབ་མ་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་ཀྱིས་དོ་སྣང་ཆེན་པོ་གནང་སོང་།
སྐབས་དེར་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་སྒོ་ནས་ཁོང་གི་མཛད་འཕྲིན་སྐོར་ངོ་སྤྲོད་དང་། 
དེང་སང་འཛམ་གླིང་འདིའི་སྟེང་༸རྒྱལ་བའི་རླབས་ཆེན་གྱི་དགོངས་གཞི་ལས་འཁྲུངས་པའི་སཱིས་ཤེས་ཡོན་༼SEE (Social, Ethical, and Emotional) learning,༽ ལག་ལེན་ཁྱབ་སྤེལ་ཤུགས་ཆེར་འགྲོ་བཞིན་ཡོད་པ་དཔེར་ན། སློབ་གྲྭ་གཅིག་པུ་ཆིག་འབུམ་བཞི་ཁྲི་ལྷག་གི་ནང་དངོས་སུ་ལག་བསྟར་གནང་བཞིན་ཡོད་པ་དེ་ནི་ཧ་ཅང་དགའ་སྤོབས་སྐྱེ་འོས་པའི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་འགྱུར་བ་ཞིག་ཡིན་པའི་སྐོར་དང་། ཡང་བོད་མི་རིགས་ལ་ཆ་མཚོན་ན་ཐོག་མར་རྒྱ་མིས་བཙན་འཛུལ་སྐབས་སོགས་སུ་བོད་མི་ས་ཡ་གཅིག་ལྷག་གི་གཅེས་སྲོག་ཤོར་ཡོད་པ་དང་། ད་ལྟ་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་སོགས་བཟོས་ཏེ་དཀའ་ངལ་ཅི་ཆེ་དང་། ལྷག་དོན་བོད་ཕྱི་ནང་གཉིས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་༡༧༠ ཙམ་ཟིན་གྱི་ཡོད་པ་དང་། ཉེ་ཆར་ཚེས་༢ ཉིན་ནིའུ་ཡོག་རྒྱལ་ཚོགས་འགྲམ་ནས་བོད་མི་རང་བཙན་བློ་དགའ་ལགས་ཀྱིས་མེར་སྲེག་གནང་སྟེ་སྐུ་གྲོངས་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་།
ཉིན་རྒྱབ་སཱོས་རཱ་ནཱ་(Surana College) ཞེས་པའི་གཅེར་བུ་བའི་མཐོ་སློབ་དེའི་སློབ་དཔོན་ཆེན་མོ་ཤྲི་ཝ་ཊི་སཱ་(Professor Srivatsa and his team) དང་ཁོང་གི་ལས་གྲོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་གནང་བ་དང་། རྗེས་སོར་གཅེར་བུ་བའི་བླ་ཆེན་དང་མཇལ་འཕྲད་གནང་རོགས་ཞེས་མཁན་རིན་པོ་ཆེར་རེ་སྐུལ་ཡང་ཡང་ཞུས། མཐོ་སློབ་ཀྱི་ཚོགས་ཁང་ཞིག་ཏུ་སློབ་མ་ཉིས་བརྒྱ་ཙམ་ལ་སྔར་བཞིན་མཁན་རིན་པོ་ཆེ་དང་དྭགས་པོ་བསྟན་འཛིན་ལགས་ཀྱིས་གསུང་བཤད་དང་། གངས་ལྗོངས་ཟློས་གར་ནས་འཁྲབ་སྟོན་ཁག་གཟིགས་འབུལ་ཞུས་ཤིང་དགེ་སློབ་ཚང་མས་དགའ་བསུ་ཆེན་པོ་ཐོབ།
ཕྱི་ཚེས་༡༠ ཉིན་ལྷོ་སྤྱི་ལས་ཁུངས་ནས་རླངས་འཁོར་ནང་ཆུ་ཚོད་ཕྱེད་ཙམ་གྱི་སར་ཡོད་པའི་ཝེས་ཨེས་ཊི་(V.E.T First Grade College) ཞེས་པའི་མཐོ་སློབ་ཏུ་འབྱོར་སྐབས་དེ་གའི་སློབ་སྤྱི་སོགས་ཀྱིས་དགའ་བསུའི་སྣེ་ལེན་གང་ལེགས་གནང་ཞིང་། ཚོགས་ཁང་དུ་སྔར་བཞིན་སློབ་ཕྲུག་མང་བོར་གསུང་བཤད་དང་རིག་གཞུང་འཁྲབ་སྟོན་སོགས་གནང་བས་དགེ་སློབ་གཉིས་ཀའི་ངོས་ནས་དགའ་མོས་ཆེན་པོ་གནང་ཞིང་། མཇུག་ཏུ་ལྷོ་སྤྱི་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་མཆོག་གིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་སོང་། སྐབས་དེ་དག་ཏུ་དགེ་སློང་བསྟན་འཛིན་རབ་དགའ་ལགས་ཀྱིས་གསུང་བསྒྱུར་ཞབས་ཞུ་གནང་། ཕྱི་ཚེས་ ༡༣ ཉིན་ད་དུང་མུ་མཐུད་ནས་མཛད་འཆར་ཁག་ཅིག་ཡོད་ཀྱང་། དེར་མཁན་རིན་པོ་ཆེའི་ཚབ་ཏུ་སྒོ་མང་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་ཆེད་ཕེབས་གནང་གི་ཡོད།
འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གནས་ཚུལ་མཁོ་གཏོང་གནང་།


