དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས་རྗེས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། མ་ན་ལི། ཀུ་ལུ། སྦིར་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་དེ་གནང་མུས་ཡིན་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཕྱི་ཚེས་ ༣ ནས་ ༡༦ བར་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། མ་ན་ལི། ཀུ་ལུ། སྦིར་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་མཆོག་གིས་མ་ན་ལི་དང་ཀུ་ལུ་ཁུལ་གྱི་བོད་མི་རྣམས་ལ་མཇལ་འཕྲད་དང་ས་གནས་སུ་གཟིགས་སྐོར་སོགས་གནང་ཡོད་ཅིང་། དེ་རིང་མན་ཌི་དང་པོན་ཊོ། དེ་བཞིན་མཚོ་པདྨའི་ཁུལ་དུ་མི་མང་ལ་མཇལ་འཕྲད་དང་། གཏམ་བཤད། གཟིགས་ཞིབ་སོགས་གནང་མུས་ཡིན་འདུག་ལ། སང་ཉིན་སྦིར་སྡེ་དགེ་དང་། ནང་ཆེན། བོད་ཚོགས། དེ་བཞིན་སློབ་གྲྭ་ཁག་ཅིག་ཏུ་ཆེད་བཅར་གྱིས་གཏམ་བཤད་སོགས་སྤེལ་ཏེ། ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་དྷ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་རྒྱལ་ས་གླེ་ཁུལ་གྱི་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་ལ་མཇལ་འཕྲད་ཀྱི་ལས་དོན་ཡོངས་སུ་གྲུབ་ནས། ལ་དྭགས་བྱང་ཐང་ནུ་མར་གནས་སྡོད་བོད་མི་རྣམས་ལ་མཇལ་འཕྲད་དང་ས་གནས་སློབ་གྲྭ། དཔེ་མཛོད་སོགས་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། སྐབས་དེར་མི་མང་རྣམས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་རྣམས་མཐུན་སྒྲིལ་བྱ་དགོས་པའི་གལ་གནད་ཆེ་བའི་བཀའ་སློབ་བསྩལ་བར་གཞིགས་ནས། བོད་མི་ཕན་ཚུན་མཐུན་སྒྲིལ་དང་གཅིག་སྒྲིལ་གྱི་ནུས་པ་ཐོན་པར་འབད་བརྩོན་བྱ་དགོས་པའི་སྐོར་དང་། ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འགན་ཁུར་ལྡན་པའི་ཐོག་ནས་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་མུར། ད་ལྟ་ལ་དྭགས་ཁུལ་དུ་ས་ཆའི་དཀའ་ངལ་ཡོད་པ་རྣམས་ས་གནས་ཀྱི་གནད་ཡོད་མི་སྣ་ཚོ་དང་མཇལ་འཕྲད་བགྱིས་ནས་དཀའ་ངལ་གསལ་ཐབས་བྱེད་མུས་སྐོར། དེ་བཞིན་མ་འོངས་པར་བོད་ཀྱི་ན་གཞོན་རྣམས་ཀྱི་མདུན་ལམ་ཆེད་ཤེས་ཡོན་གྱི་གོ་སྐབས་དང་། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་ཡར་རྒྱས་གཏང་རྒྱུར་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་བཀག་གཞུང་དང་། རྒོད་ཡུལ། ཧེན་ལེ་བཅས་བོད་མིའི་འདུ་སྡོད་ཁག་ཏུ་འཚམས་གཟིགས་ཀྱིས་ས་གནས་ཀྱི་ལས་གཞི་ཁག་ལ་རྟོགས་ཞིབ་དང་། ས་གནས་མང་ཚོགས་དང་ཐུག་འཕྲད་གནང་སྟེ་བདེ་སྡུག་ཁག་ལ་ཉན་ཞིབ་གནང་། སྐབས་དེར་མང་ཚོགས་རྣམས་ལ་ཧིན་བོད་མཐའ་མཚམས་ཁུལ་དུ་གནས་སྡོད་བྱེད་མུས་ཡིན་པའི་བཙན་བྱོལ་བོད་པའི་འབྲོག་པ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་འབྲོག་པའི་ཤུལ་བཞག་དང་། རིག་གནས་རྒྱུན་འཛིན། དར་སྤེལ་བྱ་དགོས་པའི་མུར། མ་འོངས་པའི་མི་རབས་ཀྱི་བདེ་དོན་དང་བོད་ཀྱི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་པ་དང་སྦྲགས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་འབྲོག་པ་རྣམས་ཀྱི་བདེ་དོན་གལ་ཆེན་དུ་བརྩིས་ནས། ཤེས་ཡོན་དང་། སྡོད་ཁང་། སྤྱི་ཚོགས་ཀྱི་རྨང་གཞིའི་མཐུན་རྐྱེན་བཅས་ཡར་རྒྱས་གཏང་རྒྱུའི་ཐོག་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། ཁུལ་དེའི་བོད་མིའི་འཚོ་གནས་རྒྱུན་གནས་ཐུབ་ཆེད་རོགས་འདེགས་དང་། དགོས་མཁོ་མཁོ་སྤྲོད། སྤྱི་ཚོགས་སྲ་བརྟན་བཟོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་གསུངས་འདུག
དེ་བཞིན་ཕྱི་ཚེས་ ༡༡ ཉིན་ལ་དྭགས་ཆུ་དམར་དང་། སུམ་མདོ། ས་སྨད། སུམ་མདོ་བོད་ཁྱིམ་ཡན་ལག་སློབ་གྲྭ་བཅས་སུ་འཚམས་གཟིགས་དང་མི་མང་རྣམས་ལ་མཇལ་འཕྲད་ཀྱིས། བོད་ཀྱི་འབྲོག་མི་རྣམས་ཀྱིས་སོ་སོ་ལ་དབང་བའི་ས་ཆའི་ས་མཚམས་གསལ་པོ་དབྱེ་བ་འབྱེད་དགོས་ཤིང་། ས་ཞིང་གི་བདག་དབང་ཡོད་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཉར་ཚགས་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་ནན་གསུངས་དང་། ལྷག་པར་ས་གནས་ཁག་ཏུ་འཛུགས་སྐྲུན་གྱི་ལས་དོན་གང་འདྲ་ཞིག་གཉེར་རུང་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་ལས་གཞི་ལག་བསྟར་གནང་དགོས་སྐོར། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་ཞིག་ལག་བསྟར་བགྱིས་ནས། བོད་ཀྱི་སྐད་ཡིག་དང་། ངོ་བོ། རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་འདིང་མུས་ཡིན་སྟབས། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། རིག་གནས་རྒྱུན་འཛིན་བྱ་རྒྱུར་དམིགས་བསལ་གྱི་འགན་འཁྲི་ཡོད་སྐོར་སོགས་དང་འབྲེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་ལས་དོན་གཉེར་སྟངས་སོགས་ཀྱི་ཐད་ལ་ངོ་སྤྲོད་གནང་འདུག
གསར་འགོད་པ། དཔལ་ལྡན།




