རྒྱ་གར་གྱི་ཚོང་པ་རྣམས་ཟླ་གཅིག་ལྷག་རིང་ཧིན་བོད་མཐའ་མཚམས་སུ་ལྷག་རྗེས་ཕྱི་ཟླ་ ༨ པའི་ཟླ་མགོར་དངོས་སུ་བོད་སྤུ་ཧྲེང་ཁུལ་དུ་ཤར་གཏོང་གིས་ཚོང་ལས་གཉེར་རྒྱུ་ཡིན་འདུག

ཟླ་སྔ་མར་ཧིན་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་མི་ལོ་དྲུག་གི་རྗེས་ནས་སླར་ཡང་སྒོ་ཕྱེ་སྟེ་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟླ་ ༡ ལྷག་རིང་ས་གནས་སུ་རྒྱ་གར་གྱི་ཚོང་པ་རྣམས་ལ་ཚོང་ཁང་དང་སྡོད་གནས་གྲ་སྒྲིག་དགོས་ལུགས་སོགས་ལ་ཁ་གཡར་ནས་ཆོག་མཆན་མ་ཐོབ་སྟབས་ད་བར་ལྷག་སྟེ། ཕྱི་ཟླ་ ༨ ཚེས་ ༡ ཉིན་ནས་རྒྱ་ནག་གི་ས་གནས་དབང་འཛིན་པའི་ཆོག་མཆན་ཐོབ་པ་བརྒྱུད། རྒྱ་གར་གྱི་ཚོང་པ་རྣམས་བོད་སྤུ་ཧྲེང་ཁུལ་དུ་ཕྱིན་ནས་ཚོང་ལས་གཉེར་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་དབང་གིས་ཚོང་ལམ་དེ་སྒོ་བརྒྱབ་ཡོད་འདུག
ཧིན་བོད་མཐའ་མཚམས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་ཚོང་དོན་ལྷན་ཚོགས་(India-China Border Trade Association) ཀྱི་ཚོགས་གཙོ་ཇི་ཝན་སིང་(Jeevan Singh Rongkali) ལགས་ཀྱིས། ཕྱི་ཟླ་ ༧ གང་བོར་ཚོང་དོན་གཉེར་མ་ཐུབ་པར་ལྷག་པ་ནི། ཚོང་དོན་གྱི་ཐད་ནས་གྱོང་གུད་ཆེན་པོ་ཞིག་རེད་ལ། བོད་ནང་གི་བོད་མི་རྣམས་ཀྱི་ཅ་དངོས་ཉོ་འདོད་ཀྱི་སེམས་འདུན་ཡང་བརླགས་ཟིན་པ་རེད། ང་ཚོས་བོད་ནང་ཚོང་དོན་བྲིན་རྒྱུག་ཆེས་ཆེ་བའི་ཟླ་བདུན་པ་ཤོར་ཚར་བ་རེད། ད་ལྟ་ང་ཚོར་ཚོང་དོན་གྱི་དུས་ཡུན་རྫོགས་ནའང་ཅ་དངོས་བརྒྱ་ཆ་ ༤༠ ལྷག་སྲིད་པའི་ཞེད་སྣང་ཞིག་འདུག ཅེས་བརྗོད་འདུག རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཚོང་པ་དག་བཀག་འགོག་བྱས་པ་ལས། ཕྱི་ཟླ་ ༧ ནང་བལ་ཡུལ་གྱི་ཚོང་པ་རྣམས་བོད་སྤུ་ཧྲེང་ཁུལ་དུ་འབྱོར་ནས་ཚོང་ལས་གཉེར་མགོ་བཙུགས་འདུག་ལ། ད་ལན་རྒྱ་གར་གྱི་ཚོང་པ་རྣམས་ཀྱིས། ཤེལ་ཀ་ར་དང་། རྒྱ་གར་གྱི་ཟས་རིགས་འདེབས་རྫས། བུད་མེད་ཀྱི་བྱུག་རྫས་རིགས། རྒྱན་ཆའི་རིགས། སྟོད་གོས་དང་དོར་མ། ལྷམ་སོགས་རྒྱ་གར་གྱི་ཐོན་རྫས་མང་པོ་ཞིག་ཕྱིར་ཚོང་བྱ་འཆར་ཡོད་འདུག
བོད་དང་རྒྱ་གར་བར་ལ་སྐམ་སའི་ཚོང་ལམ་གསུམ་ཡོད་པའི་ཁྲོད། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་རྗེས་ཆེས་ཐོག་མར་ཕྱེ་པའི་ཚོང་ལམ་དེ་ནི། ཕྱི་ལོ་ ༡༩༩༢ ལོར་བསྐྱར་གསོ་བྱུང་བའི་བོད་མངའ་རིས་སྤུ་ཧྲེང་རྫོང་དང་རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏ་ར་ཁན་ཌི་ (Uttarakhand) མངའ་སྡེའི་དྷར་ཅུ་ལ་ (Darchula) རྫོང་གི་ས་མཚམས་སུ་ཆགས་པའི་ལི་པུ་ལེག་ (Lipulekh) ཅེས་པ་དེ་ཡིན་ཞིང་། དེ་ནི་གནའ་སྔ་མོ་ནས་ཚོང་ལམ་ཙམ་དུ་མ་ཟད་རྒྱ་གར་གྱི་ཧིན་དྷུའི་ཆོས་ལུགས་རྗེས་འབྲང་བ་རྣམས་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་པའི་ལམ་བུ་གཙོ་བོ་ཞིག་ཡིན་པ་རེད། དེ་བཞིན་ལོ་ངོ་ ༤༤ རིང་སྒོ་བརྒྱབ་རྗེས་མཐར་ཕྱི་ལོ་ ༢༠༠༦ ལོར་བསྐྱར་གསོ་བྱས་པའི་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེ་དང་བོད་ཀྱི་གྲོ་མོ་དང་ས་འབྲེལ་ཡིན་པའི་རྣ་ཐོས་ལ་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ བར་རྣ་ཐོས་ལ་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་ཤིག་དང་། རྒྱ་གར་གྱི་གངས་རིན་པོ་ཆེ་གནས་མཇལ་བ་རྣམས་ཀྱི་བགྲོད་ལམ་དུའང་གཏན་འབེབས་བྱས་ཡོད་པ་རེད།

སྲིབ་སྐྱིད་ལའི་ཚོང་ལམ་ (Shipki La) ནི། བོད་ཀྱི་ཁ་འབབ་བཞིའི་ཡ་གྱལ་གླང་ཆེན་ཁ་འབབ་རྒྱ་གར་ནང་རྒྱུག་པའི་མགོ་ཁུངས་ཡིན་ཞིང་། རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་གོང་ནས་སྤི་ཏི་ཁུ་ནུ་ཁུལ་དང་བོད་མངའ་རིས་ཁུལ་གྱི་ཚོང་ལམ་ལྟེ་བའི་གྲས་ཤིག་ཡིན་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་དབར་དམག་འཁྲུག་བྱུང་བའི་རྐྱེན་གྱིས་ཚོང་ལམ་དེ་སྒོ་བརྒྱབ་ཡོད་པ་དང་། མཐར་ཕྱི་ལོ་ ༡༩༩༤ ལོར་ཚོང་ལམ་བསྐྱར་གསོ་བྱུང་སྟེ་རྒྱ་གར་ནས་བོད་ལ་ལག་ཐག་བལ་གདན་དང་། ཉལ་གོས། སྨན་རྩྭ་རིགས། ཅ་དངོས་ཙག་ཙིག་དང་། དེ་བཞིན་འབྲས་དང་འབྲུ་རིགས་གཞན། སྣུམ། ཐ་མག་དང་ཤིང་ཏོག་སྐམ་པོའི་རིགས་བཙོང་བ་དང་། བོད་ནས་རྒྱ་གར་ལ་ལུག་གི་བལ་དང་པགས་པ། གཡག་རྔ། མར། ཚྭ། ར་ལུག་སོགས་དབོར་འདྲེན་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་གནས་སྐབས་ཚོང་ལམ་སྒོ་བརྒྱབ་ནས་ཕྱི་ལོ་ ༢༠༢༣ ལོར་སླར་ཡང་སྒོ་ཕྱེ་འདུག
ཕྱི་ལོ་ ༢༠༡༧ ལོར་བོད་དང་རྒྱ་གར། འབྲུག་བཅས་ཀྱི་མདོར་ཁེལ་བའི་འབྲོག་ལམ་ (Doklam) དུ་རྒྱ་དཀར་ནག་གི་དམག་མིའི་དབར་གདོང་ཐུག་བྱུང་བའི་རྐྱེན་གྱིས། ལོ་དེར་སྲིབ་སྐྱིད་ལར་ཚོང་པ་ཇེ་ཉུང་དུ་སོང་བ་མ་ཟད། ཧིན་སྒོར་འབུམ་ ༥༩།༢༡ གིས་མ་གཏོགས་ཚོང་བརྒྱབ་མེད་པ་རེད། ཕྱི་ལོ་ ༢༠༡༦ ལོའི་ཧིན་སྒོར་བྱེ་བ་ ༨།༥༩ དང་། ཕྱི་ལོ་ ༢༠༡༥ ལོའི་ཧིན་སྒོར་བྱེ་བ་ ༩།༧༢། ཕྱི་ལོ་ ༢༠༡༤ ལོའི་ཧིན་སྒོར་བྱེ་བ་ ༧།༣༢ བཅས་དང་བསྡུར་ན་རྦད་དེ་མར་ཆག་ཡོད་པ་རེད། འབྲོག་ལམ་གྱི་དོན་རྐྱེན་བྱུང་རྗེས་སྲིབ་སྐྱིད་ལའི་ཚོང་དོན་ལ་དེ་ཙམ་ཡར་རྒྱས་མ་ཕྱིན་པར། ཕྱི་ལོ་ ༢༠༡༨ ལོར་ཧིན་སྒོར་བྱེ་བ་ ༢།༥༢ དང་། ཕྱི་ལོ་ ༢༠༡༩ ལོར་ཧིན་སྒོར་བྱེ་བ་ ༣ གྱིས་མ་གཏོགས་ཚོང་བརྒྱབ་ཐུབ་མེད་པ་རེད། འདས་ལོར་རྒྱ་དཀར་ནག་བར་གྲོས་མཐུན་བྱུང་ནས་བོད་མངའ་རིས་སྤུ་ཧྲེང་རྫོང་དང་རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏ་ར་ཁན་ཌི་ཧིན་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་ནས་རྒྱ་གར་གྱི་གནས་མཇལ་བ་མི་གྲངས་ ༥༠ ལྷག་གྱིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་སུ་གནས་མཇལ་བྱས་ཡོད་ཀྱང་། ད་བར་ཚོང་ལམ་དེ་ནས་ཚོང་པ་ཤར་གཏོང་གིས་བོད་ནང་ཚོང་ཟོག་ཚོང་འགྲེམས་བྱས་མེད་པ་རེད།
གསར་འགོད་པ། དཔལ་ལྡན།





