ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་མིའི་དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་དེ་སྲུང་གཙི་བྱས་འདུག

ཕྱི་ཟླ་ ༩ ཚེས་ ༢ ཉིན་ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་གནས་མཁར་གསར་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་། ཨོ་གླིང་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཤ་རོན་ ཁ་ཐའེ་རེན་ ཁི་ལེ་ཌོན་(Sharon Catherine Claydon) ལགས་སྐུ་མགྲོན་དུ་གདན་འདྲེན་ཞུས་ནས་བོད་ཀྱི་དམངས་གཙོའི་དུས་དྲན་སྲུང་གཙི་བྱས་ཡོད་འདུག
དེ་ཡང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་དང་སྟབས་བསྟུན་ནས་ཉེ་ཆར་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་གོད་ཆག་ཁྲོད་ཚེ་སྲོག་ཤོར་བའི་མི་རྣམས་ཀྱི་ཆེད་དུ་སྨོན་ལམ་བཏོན་པ་དང་། དེ་བཞིན་ལོ་འཁོར་གྱི་ལས་བསྡོམས་སྙན་ཐོ་ཡང་སྒྲོག་འདོན་བྱས་ཡོད་འདུག
དུས་དྲན་གྱི་སྐུ་མགྲོན་གཙོ་བོར་ཕེབས་པའི་ཨོ་གླིང་གྲོས་ཚོགས་ཀྱི་ཚོགས་གཞོན་ཤ་རོན་ ཁ་ཐའེ་རེན་ ཁི་ལེ་ཌོན་ལགས་ཀྱིས་གཏམ་བཤད་ནང་། ཁྱེད་ཚོའི་མི་ཚང་མར་འོས་ཤོག་གི་ཐོབ་ཐང་ཡོད་པ་དང་། ཐོག་མ་ནས་བུད་མེད་ཚོར་འོས་ཤོག་གི་ཐོབ་ཐང་ཡོད་པའི་མང་གཙོ་ཞིག་བཙུགས་པ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད། ཀུན་གྱིས་ཤེས་གསལ་ལྟར། རྒྱལ་ཁབ་མང་པོའི་ནང་དེ་ལྟར་བྱུང་མེད། ཅེས་བོད་ཀྱི་དམངས་གཙོར་གདེང་འཇོག་བྱས་འདུག
ཡང་ཁོང་གིས་ཉེ་ཆར་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་དང་འབྲེལ་ནས། དཀའ་ངལ་དང་སྡུག་བསྔལ་ཆེ་བའི་དུས་སུ། ང་ཚོ་མཉམ་དུ་འཛོམས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་དོ་ནུབ་འདིར་ཡོང་ནས་གནས་མཁར་གསར་གྱི་མི་མང་ཚང་མ་ཁྱེད་ཚོའི་རྒྱབ་ཏུ་ལངས་ཡོད་ཅེས་བཤད་འདོད་བྱུང་། མི་མང་པོ་ཞིག་གིས་ད་དུང་རང་ཉིད་ཀྱི་གཉེན་ཉེ་འཚོལ་བཞིན་ཡོད་པ་ཤེས་ཀྱི་ཡོད། དེ་ནི་ཆེས་སེམས་ཁྲལ་ཆེ་བའི་དུས་སྐབས་ཤིག་རེད། ཁྱེད་ཚོར་གདུང་སེམས་མཉམ་བསྐྱེད་ཡོད། ཅེས་གསུངས་འདུག
ཨོ་གླིང་གནས་མཁར་གསར་ཁུལ་དུ་བོད་མི་ ༢༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཉིན་དེར་བོད་མི་མང་ཆེ་བས་མཉམ་ཞུགས་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ། ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས།
![[1/5] Australia's Foreign Affairs Minister Penny Wong speaks during the Maritime Cooperation Forum of the ASEAN-Australia Special Summit, in Melbourne, Australia March 4, 2024. REUTERS/Jaimi Joy Purchase Licensing Rights](https://tibettimes.net/wp-content/uploads/2024/03/Screenshot-2024-03-05-at-2.08.11-PM-360x180.png)

