ཐའེ་ཝན་གྱི་བར་མའི་འོས་བསྡུའི་ཁྲོད་མཉམ་ཞུགས་བྱེད་མཁན་གྱི་རྒྱ་ནག་གཞུང་ལ་འབྲེལ་འདྲིས་ལྡན་པའི་འོས་མིར་དོགས་ཟོན་དགོས་པའི་ཉེན་བརྡ་བཏང་།

Photo: Reuters
ཐའེ་ཝན་གྱི་བར་མའི་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བ་དང་བསྟུན། དེ་རིང་ཐའེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས། ད་ལྟའི་ཆར་ཐའེ་ཝན་གྱི་རྒྱལ་ཡོངས་བར་མའི་འོས་བསྡུ་ཆེན་མོའི་ནང་རྒྱ་ནག་གཞུང་ལ་འབྲེལ་འདྲིས་ཆེ་བའི་འོས་མི་མང་དག་ཅིག་མཉམ་ཞུགས་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་པ་དང་སྦྲགས། འོས་མི་དེ་དག་གིས་རྒྱ་ནག་གཞུང་གི་མངོན་འདོད་སྒྲུབ་པ་དང་ཐའེ་ཝན་གྱི་ཁྲིམས་སྒྲིག་ཁག་ནུས་མེད་གཏོང་ཉེན་ཡོད་པས། ཐའེ་ཝན་གཞུང་གིས་ཐའེ་ཝན་གྱི་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བྱས་འདུག
ཐའེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་རྒྱ་ནག་གཞུང་ལ་འབྲེལ་འདྲིས་ཆེ་བའི་འོས་མིའི་རིགས་གསུམ་ཐེར་འདོན་བྱས་འདུག་ཅིང་། རིགས་གཅིག་ནི་ཐའེ་ཝན་ནང་རྒྱ་ནག་གི་རྨང་གཞིའི་འབྲེལ་ལམ་རྩ་འཛུགས་བྱེད་མཁན་ཡིན་པ་དང་། ཁོ་ཚོས་རྒྱ་ནག་གཅིག་གྱུར་དགོས་པའི་ལངས་ཕྱོགས་བཟུང་བའི་ཐོག་ནས་རང་ཉིད་ཀྱི་ཉེ་འཁྲིས་ཁྱིམ་མཚེས། དགོན་པ་དང་ལྷ་ཁང་། ཞིང་པ་དང་ཉ་པའི་སྤྱི་ཚོགས་སོགས་སུ་ཤུགས་རྐྱེན་སྤྲད་དང་སྤྲོད་མུས་ཡིན་པ་རེད།
རིགས་གཉིས་པ་ནི་གཉེན་སྒྲིག་བྱས་པའི་རྒྱ་རིགས་ཀྱི་བཟའ་ཚང་ཡིན་ཞིང་། འདི་ལོའི་ཐའེ་ཝན་གྱི་བར་མའི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་གྱི་བཟའ་ཚང་ ༢༦ ཡོད་པ་དང་། སྐབས་སྔོན་མའི་འོས་བསྡུ་དང་བསྡུར་ན་བརྒྱ་ཆ་ ༣༧ འཕར་ཡོད་འདུག རྒྱ་ནག་གཞུང་དང་འབྲེལ་བ་ཟབ་པའི་བཟའ་ཚང་དེ་དག་ལ་ཐའེ་ཝན་ནང་མི་སེར་དང་སྤྱི་པའི་ལས་གནས་ཀྱི་ཐོབ་ཐང་དང་ཆ་རྐྱེན་ཡོད་མེད། ལྷག་བསམ་གྱི་འགན་འཁྲི་སོགས་དང་འབྲེལ་བའི་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་སྟབས། ཁོ་ཚོས་ད་ལྟའི་ཐའེ་ཝན་གྱི་ཁྲིམས་ལ་འགྱུར་བཅོས་གཏོང་ཐབས་བྱེད་བཞིན་ཡོད་འདུག
རིགས་གསུམ་པའི་ཁྲོད་དུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྒྱ་ནག་གིས་བཙུགས་པའི་ཐའེ་ཝན་ལས་དོན་ལས་ཁུངས་ཟེར་བར་འབྲེལ་འདྲིས་ཟབ་པའི་ཆབ་སྲིད་པ་མང་པོ་ཡོད་ཅིང་། ཐའེ་ཝན་གཞུང་དང་འོས་བསྡུ་ལས་ཁུངས་སོགས་ཀྱིས། ཐའེ་ཝན་གྱི་བར་མའི་འོས་བསྡུར་མཉམ་ཞུགས་བྱེད་མཁན་གྱི་རྒྱ་རིགས་རིགས་གསུམ་དེར་སྤྱི་པའི་ལས་གནས་སུ་ཞུགས་ཆོག་པའི་ཆ་རྐྱེན་དང་། རྒྱལ་ཁོངས་ཀྱི་གནས་བབ། འོས་བསྡུའི་དངུལ་དངོས། ཆབ་སྲིད་ཀྱི་འབྲེལ་ལམ། ཕྱི་རྒྱལ་གྱི་ཐོན་ཁུངས་སོགས་དང་འབྲེལ་ནས་རྩད་ཞིབ་ནན་ཏན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
དམིགས་བསལ་ཐའེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་བར་མའི་འོས་བསྡུར་ཞུགས་མཁན་གྱི་འོས་མི་ཁག་ཅིག་མིང་འདོན་བྱས་པའི་ནང་། ངལ་རྩོལ་ཚོགས་པའི་འོས་མི་ཁྲན་ཁྲའུ་ཡུན་ (Chen Chu-ying) དང་རྒྱ་ནག་གཅིག་གྱུར་གོང་སྤེལ་ཆབ་སྲིད་ཚོགས་པའི་མགོ་འཁྲིད་ཁྲང་ཨན་ལི་(Chang An-le)། རྒྱ་རིགས་རྒྱལ་ཞེན་ཚོགས་པའི་འཐུས་མི་ཞའོ་གོང་ཧྥན་ (Xu Gong-fan) གསུམ་འདུག ཁྲང་ཨན་ལི་ནི་ཐའེ་ཝན་རྒྱ་ནག་གི་ཁོངས་སུ་སྡོད་དགོས་ཟེར་མཁན་གཙོ་བོ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༠༥ ལོར་ཁོས་རྒྱ་ནག་གཅིག་གྱུར་གོང་སྤེལ་ཆབ་སྲིད་ཚོགས་པ་ཟེར་བ་བཙུགས་ཏེ་ཐའེ་ཝན་ནང་རྒྱ་ནག་གཅིག་གྱུར་དགོས་པའི་ལངས་ཕྱོགས་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་རེད།
རྒྱ་རིགས་རྒྱལ་ཞེན་ཚོགས་པའི་འཐུས་མི་ཞའོ་གོང་ཧྥན་གྱིས། དེ་སྔ་རྒྱ་ནག་ནང་ཐའེ་ཝན་གྱི་སྐུ་ཚབ་མང་པོ་ཁྲིད་མྱོང་ཞིང་། ལྷག་པར་དུ་རྒྱ་ནག་གཞུང་གིས་སྐོར་སྐྱོད་དེ་དག་དང་འབྲེལ་ནས་ཁོ་ལ་བསྟོད་བསྔགས་བྱས་ཡོད་སྟབས། ཁོས་རྒྱ་ནག་ཏུ་སྐོར་སྐྱོད་བྱས་པའི་རྒྱབ་ལྗོངས་དང་གནད་ཡོད་མི་སྣར་ཐུག་འཕྲད་བྱས་པ། ད་དུང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཞའོ་གོང་ཧྥན་གྱི་སྐུ་ཚབ་ཚོགས་པའི་སྐོར་སྐྱོད་ལ་མཐུན་འགྱུར་བྱས་པའི་གནས་ཚུལ་སོགས་ལ་ཞིབ་འཇུག་བྱས་ཏེ་ཁ་གསལ་བཟོ་དགོས་སྐོར་བརྗོད་འདུག
ཐའེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་བརྗོད་པའི་གནས་ཚུལ་ལྟར་ན། ཐའེ་ཝན་གྱི་ཆབ་སྲིད་ནང་ཞུགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་མངོན་འདོད་སྒྲུབ་མཁན་གྱི་རྒྱ་རིགས་རིམ་པ་གསུམ་དེས། ཐའེ་ཝན་གྱི་དམངས་གཙོ་མགོ་རྟིང་སློག་པ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་དཀྲུག་ཐབས་བྱེད་པ། བརྟན་ལྷང་སོགས་རྩ་བརླག་བཏང་སྟེ། ཐའེ་ཝན་རྒྱ་ནག་གི་ཁོངས་སུ་འཇུག་འདོད་ཡོད་སྟབས། ཐའེ་ཝན་གཞུང་གིས་རྒྱ་རིགས་དེ་དག་གི་སྒེར་གྱི་གནས་ཚུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ། འོས་བསྡུ་དྲིལ་བསྒྲགས་ཀྱི་དཔལ་འབྱོར་དང་དེའི་འབྱུང་ཁུངས། ཆབ་སྲིད་ཀྱི་དམིགས་ཡུལ་དང་འབྲེལ་ལམ་ཡོངས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། ཁྲིམས་སྒྲིག་གི་ཐོག་ནས་ཐག་གཅོད་བྱ་དགོས་པའི་སྐུལ་མ་བྱས་འདུག
ཐའེ་ཝན་གྱི་བར་མའི་འོས་བསྡུ་ཆེན་མོ་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་བྱ་རྒྱུ་ཡིན་ཞིང་། ཐའེ་ཝན་འོས་བསྡུ་ལས་ཁུངས་ཀྱིས་ད་སྔ་བར་འོས་མི་ ༡༩༦༩༥ ཡིས་རྫོང་དང་གྲོང་ཁྱེར། ཁུལ་རིམ་པའི་གོ་གནས་ ༡༡༠༥༡ གི་ཆེད་དུ་ཐོ་འགོད་ཀྱིས་འོས་བསྡུར་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་དམངས་གཙོའི་ལས་རིམ་ནང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཐེ་གཏོགས་བྱས་དང་བྱེད་མུས་ཡིན་པ་ཡོངས་གྲགས་ཆགས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས། ཐའེ་ཝན་གྱི་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་དང་རྒྱ་ནག་གི་ཁོངས་སུ་རྒྱ་ནག་གཅིག་གྱུར་བྱས་ནས་སྡོད་ཀྱི་ཡིན་ཟེར་མཁན་ཚོའི་བར་འགལ་ཟླ་ཆེན་པོ་བྱུང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ཆབ་སྲིད་ཚོགས་པའི་བར་འགལ་ཟླ་བྱུང་ཡོད། སྐབས་དེར་གོ་མིན་ཏང་ཆབ་སྲིད་ཚོགས་པས་རྒྱ་ནག་ལ་འབྲེལ་འདྲིས་བྱས་པ་ངོས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་མེད་ཚུལ་བརྗོད་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།




