ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་མཚོན་པའི་ཆུ་བཞི་སྒང་དྲུག་གི་གློག་བརྙན་སྟོན་བཞིན་པའི་སྐབས་འདིར། བལ་ཡུལ་གཞུང་གིས་གློག་བརྙན་དེའི་འཁྲབ་ཁྲིད་པ་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས་ཡོད་འདུག

དེ་འབྲེལ་ཨ་རི་བོད་མིའི་བརྙན་འཕྲིན་གྱི་བཅར་འདྲི་ཞིག་གི་སྐབས། གཞན་ཕན་ཁྱིམ་གསར་ལགས་ཀྱིས། ཉིན་ཤས་གོང་བལ་ཡུལ་གཞུང་གིས་ང་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་བསྒྲགས་འདུག་པ་མ་ཟད། བལ་ཡུལ་གཞུང་གིས་རྒྱ་གར་གཞུང་ལ་རྒྱ་གར་ནང་ཆུ་བཞི་སྒང་དྲུག་གི་གློག་བརྙན་སྟོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། རྒྱ་གར་གཞུང་གིས་དེར་ཐུགས་སྣང་ཞེ་དྲགས་བྱས་ཡོད་ས་མ་རེད། ཅེས་དང་། བལ་ཡུལ་གཞུང་གིས་ཁོང་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས་དོན་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ལ་གདོང་ལེན་བྱེད་པར་སེམས་ཁམས་དང་ཚོར་བ། ལྟ་བ་སོགས་ཕྱོགས་གང་ཐད་ནས་གྲ་སྒྲིག་ཡོད་པས། རྒྱ་ནག་གི་གནོན་ཤུགས་དེ་དག་ལ་སེམས་ཁྲལ་དང་སྐྲག་སྣང་གང་ཡང་མེད་སྐོར་དང་། བོད་མི་ནང་ཁུལ་དུ་ཕན་ཚུན་བར་ཆོལ་ཁ་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་མི་ཡོང་རྒྱུ་ནི་སེམས་ཁྲལ་ཆེ་ཤོས་ཡིན་སྐོར། དེ་བཞིན། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་མཐོ་བོ་ཡིན་པ་དང་བོད་མི་སྤར་བ་གང་མ་གཏོགས་མེད་པས། བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན་པ་ལས། རྒྱ་ནག་གཞུང་དང་བལ་ཡུལ་ལ་ཁ་གཏད་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བརྗོད་འདུག
ཡང་ཉེ་ལམ་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས། ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་ནི་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་པའི་གཏམ་རྒྱུད་ཞིག་ཡིན་པ་དང་གཞན་ཕན་ཁྱིམ་གསར་ལགས་ནི་གློག་བརྙན་གྱི་སྡིངས་ཆ་ཁ་བྲལ་དང་གཞི་རྩ་མེད་པའི་ཆབ་སྲིད་ཀྱི་འགྲེལ་བརྗོད་ལ་བསྒྱུར་མཁན་ཞིག་ཡིན་པའི་སྐྱོན་འཛུགས་བྱས་ཡོད། འོན་ཀྱང་། དེ་རིང་གཞན་ཕན་ཁྱིམ་གསར་ལགས་ཀྱིས། རྒྱ་ནག་གཞུང་གིས་དམིགས་ཡུལ་ལྡན་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་ནག་བསུབ་དང་བོད་ཀྱི་ཆོས་རིག་སོགས་རྩ་མེད་གཏོང་འདོད་ཡོད་པས། ང་ཚོ་བོད་མི་ཚོས་རང་མི་རིགས་ཀྱི་ལོ་རྒྱུས་དང་རྒྱལ་རབས། ཆོས་ལུགས། ངོ་བོ་སོགས་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་ལན་འདེབས་གནང་སོང་།
གཞན་ཕན་ཁྱིམ་གསར་ལགས་ཀྱིས་བརྗོད་དོན་ལྟར་ན། ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་གྱི་ལེའུ་གཉིས་པ་དང་གསུམ་པ་དེ་ལ་དྭགས་ནང་ཕབ་བསྐྲུན་བྱ་འཆར་ཡོད་པ་དང་། གློག་བརྙན་ཕབ་བསྐྲུན་ཆེད་དཔལ་འབྱོར་གྱི་རྒྱབ་རྟེན་ཡག་པོ་རག་ཚེ། ལེའུ་རྗེས་མ་རྣམས་སྔར་ལྷག་གིས་སྤུས་ཚད་ལྡན་པ་བཟོ་རྒྱུ་དང་། ལེའུ་རྗེས་མའི་ནང་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་ནས་ཕྱི་རྒྱལ་གྱི་གློག་བརྙན་འཁྲབ་སྟོན་པ་དང་རྒྱ་གར་གྱི་སྲིད་བློན་ནེའུ་རུ་ལ་སོགས་པའི་ཚབ་མཚོན་འཁྲབ་སྟོན་མི་སྣ་མང་པོ་ཞིག་བསྡུ་འཆར་ཡོད་འདུག
ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་ནི་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་སྐོར་གྱི་དངོས་བྱུང་གློག་བརྙན་རིང་ཤོས་ཡིན་ཞིང་། དེར་ལེའུ་བཞི་ཡོད་པའི་ནང་ཕྱི་ལོ་ ༡༩༥༨ ལོར་དམག་གི་སྒྲིག་འཛུགས་དེ་ཉིད་ཐོག་མ་དབུ་བརྙེས་པ་ནས་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ། ༡༩༧༤ བར་གྱི་ལོ་རྒྱུས་གསལ་ཡོད་ཅིང་། གློག་བརྙན་དེའི་ནང་གཙོ་བོ་རྒྱ་གཞུང་གིས་བོད་ནང་དྲག་པོ་བཙན་འཛུལ་གྱིས་བོད་མི་རིགས་བསྟན་སྲིད་དང་བཅས་པ་རྩ་མེད་གཏོང་བཞིན་པའི་སྐབས། ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་སེར་སྐྱ་མི་མང་ཡོངས་ནས་རང་སྲོག་འབེན་ལ་བཙུགས་ནས་རྒྱ་གཞུང་ལ་འཐབ་རྒོལ་གནང་བའི་སྐོར་དང་། ལྷག་པར་དུ་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་༸མགོན་པོ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་བསྒྲུབས་ཡོད་པ་སོགས་ཆུ་བཞི་སྒང་དྲུག་གི་ཚོགས་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར། བློས་གཏོང་བཅས་གསལ་བའི་གློག་བརྙན་ཞིག་ཡིན་པ་རེད།
གློག་བརྙན་ཆུ་བཞི་སྒང་དྲུག་ནི་ཁྱིམ་གསར་གཞན་ཕན་ལགས་ཀྱིས་རྩོམ་འབྲི་དང་འཁྲབ་ཁྲིད་བྱས་ཡོད་པ་དང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱིས་བཟོ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་དེའི་ནང་ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཆེ་ཅན་བྷི་རཱན་ཌོན་(Brandon Cox) ལགས་དང་། རྒྱ་གར་དང་བལ་ཡུལ་གྱི་བརྙན་ལེན་པ་གྲགས་ཅན་ཁག་ཅིག་གིས་བརྙན་ལེན་བྱས་ཡོད་འདུག གློག་བརྙན་དེའི་ཕབ་སྐྲུན་ས་གཙོ་བོ་ནི་བལ་བོད་གཉིས་ཀྱི་ས་མཚམས་གློ་སྨོན་ཐང་ཁུལ་དུ་ཡིན་པ་དང་། གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་གཙོ་བོ་བོད་པ་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།



