རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ཁ་གཏད་དང་གདོང་ལེན་བྱེད་ཆེད། དེ་རིང་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གཟའ་འཁོར་གཅིག་རིང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་བའི་གསལ་བསྒྲགས་སྤེལ་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་ཕྱི་ཟླ་ ༩ ཚེས་ ༢༣ ནས་ ༣༠ གཟའ་འཁོར་རྗེས་མའི་རེས་གཟའ་ལྷག་པའི་བར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་གཙི་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྲིད་སྐྱོང་མཆོག་གིས་གཟའ་འཁོར་འདིར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་དོན་ནི། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༩ བའི་གཟའ་འཁོར་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་སྲུང་གཙིའི་ལས་འགུལ་སྤེལ་གྱིན་ཡོད་པས། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་ལམ་སྣ་ཚོགས་དང་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པ་སྤྱི་དང་། བྱེ་བྲག་ཏུ་ད་ཆ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་ཁྲིམས་ཀྱི་འབག་གཡོགས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སོགས་ལ་གདོང་ལེན་བྱེད་ཆེད་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་རམ་ས་ལའི་གློག་བརྙན་ཁང་དུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་གྱི་ཆ་ཤས་སུ། ཞི་བདེའི་སྐྱེས་མཆོག་ཅེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་སྐོར་གྱི་འགུལ་རིས་གློག་བརྙན་ཞིག་འབུལ་ལམ་ཞུས་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་དྷ་རམ་ས་ལའི་གྲོང་ཁྱེར་སྤྱི་ཁྱབ་པ་(Shamsher Nehria) ལགས་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་ཅིག དེ་བཞིན། དཔེ་སྟོན་སློབ་གྲྭའི་སློབ་མ་དང་རྒྱ་གར་གྱི་སློབ་ཕྲུག མི་མང་བཅས་འཛོམས་འདུག་ཅིང་། སྐབས་དེར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། ཞི་བདེའི་སྐྱེས་མཆོག་ཅེས་པའི་འགུལ་བརྙན་དེ་ནི་འདས་པའི་ལོ་ངོ་གསུམ་ལྷག་གི་རིང་བོད་ཀྱི་འགྲེམས་སྟོན་ཁང་གི་རྐང་འགན་འོག་འགུལ་རིས་སྒྱུ་རྩལ་བ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་སོགས་འབྲེལ་ཡོད་མང་པོས་དཀའ་ངལ་བརྒྱབ་པའི་འབྲས་བུ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། འགུལ་བརྙན་དེར་ལེའུ་ཁྱོན་ ༢༡ ཡོད་ཅིང་། འབྱུང་འགྱུར་བོད་པ་དང་རྒྱ་གར། ཕྱི་རྒྱལ་གྱི་སྤྱི་ཚོགས་ནང་ཟླ་རེར་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ལེའུ་གཉིས་རེ་སྟོན་འཆར་ཡོད་པའི་འགྲེལ་བརྗོད་གནང་བྱུང་།
དེ་བཞིན། དེ་རིང་ཨོ་སི་ཊོ་ལི་ཡའི་བོད་དང་ཧི་མ་ལ་ཡ་ཞིབ་འཇུག་མཐུན་ཚོགས་ཀྱིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་བོད་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ཐབས་བྱུས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་། སྐབས་དེར་ཨོ་སི་ཊོ་ལི་ཡའི་བོད་དང་ཧི་མ་ལ་ཡ་ཞིབ་འཇུག་མཐུན་ཚོགས་མཉམ་འཛུགས་གནང་མཁན་འབུམ་རམས་པ་ཇོ་ཞི་བ་ལགས་ཀྱིས། བོད་ཀྱི་སྐད་ཡིག་དེ་བཞིན་མི་ཚེའི་གནས་སྟངས་ཚང་མར་མཉམ་བསྲེས་བྱེད་པའི་སྐད་ཡིག་གསོན་པོ་ཞིག་ཏུ་བེད་སྤྱོད་གཏོང་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མ་ཟད། སྐད་ཡིག་དར་སྤེལ་རྒྱུན་འཁྱོངས་ཀྱིས་བོད་ཀྱི་མ་འོངས་རང་དབང་སླར་གསོའི་རྨང་རྡོར་བསྐྲུན་དགོས། དེའང་བོད་ཡིག་ནི་ཤེས་ཡོན་སློབ་གསོའི་བརྒྱུད་ལམ་གང་དུའང་སློབ་ཁྲིད་ཀྱི་སྐད་ཡིག་ལ་བེད་སྤྱོད་གཏོང་འོས་སྐོར་བརྗོད་འདུག ཡང་ཨོ་གླིང་བོད་དོན་ཞུ་གཏུག་ཚན་པས་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་གྱི་ཆ་ཤས་སུ་ཆེད་མཁས་མི་སྣའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་གཏན་ཁེལ་ཡོད་འདུག
དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་རེས་གསར་འགོད་གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བོད་ནང་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག་དང་བཅས་པར་དམ་དྲག་ཤུགས་ཆེར་གཏོང་བཞིན་པ་དང་། མི་རིགས་བསྲེས་བསྒྱུར་གྱི་སྲིད་བྱུས་འོག་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད། ཁྲིམས་ཡིག་འདི་ནི་རྒྱ་ནག་གིས་འདས་པའི་ལོ་ངོ་མང་པོའི་རིང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ལ་ཁྲིམས་ཀྱི་མིང་གཡོགས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཁྲིམས་ཡིག་དེ་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་དང་ཆབས་ཅིག ཟླ་ ༩ པའི་བདུན་ཕྲག་བཞི་པའི་ནང་བོད་ཙམ་མ་ཟད་རྒྱལ་ཁབ་ཁྱོན་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ཁྱབ་བསྒྲགས་དང་བརྒྱུད་བསྒྲགས་ཀྱི་ལས་རིམ་མང་དག་ཅིག་བང་བསྒྲིགས་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་ལོ་ལྟར་ཟླ་ ༩ གཟའ་འཁོར་བཞི་པའི་རེས་གཟའ་ལྷག་པ་ནས་མགོ་བཙུགས་ཏེ་བདུན་ཕྲག་གཅིག་རིང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་ཞེས་སྲུང་བརྩི་ཞུ་རྒྱུ་ཡིན། ད་ལན་གྱི་ལས་རིམ་འདི་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས་སྐུ་ཚབ་དོན་གཅོད་ཁག་དང་། ས་གནས་མགོ་འཛིན་རྣམས་བརྒྱུད་ནས་བོད་པའི་སྤྱི་ཚོགས་ཁྲོད་གཟའ་འཁོར་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་དགོས་པའི་གསལ་བསྒྲགས་ཞུས་ཡོད་ཅེས་གསུངས་སོང་།
དེ་རིང་གི་སྲིད་སྐྱོང་མཆོག་གི་གསར་འགོད་བསྒྲགས་གཏམ་ནང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་ “བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་ ” དུ་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་བ་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༣ ནས་བཟུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་ཕྱི་ཟླ་ ༩ གཟའ་འཁོར་བཞི་པའི་རེས་གཟའ་ལྷག་པ་ནས་བདུན་ཕྲག་རྗེས་མའི་གཟའ་ལྷག་པ་བར་ལས་འགུལ་འདི་སྤེལ་གཏན་འཁེལ་ཡོད།
ང་ཚོས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། རྒྱ་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱས་ཡོད་པའི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག” ཟེར་བ་དེའི་ནང་། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་བརྩི་སྲུང་གིས། རྒྱལ་ཁབ་ཀྱིས་རྣམ་པ་མང་པོ་བརྒྱུད་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་དགོས་སྐོར་བཀོད་ཡོད་སྟབས། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་ལམ་སྣ་ཚོགས་དང་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པ་སྤྱི་དང་། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་ཁྲིམས་ཀྱི་འབག་གཡོགས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོང་གི་ཡོད་པ་དེ་ཚོར་ཁ་གཏད་གདོང་ལེན་བྱེད་པའི་ཆེད་དུ་ཡིན།
ཁྲིམས་ཡིག་དེའི་ནང་དོན་དང་། ཉེན་ཚབས་སྐོར་ལ། སྐབས་ ༡༨ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་བཞག་པའི་གྲོས་ཆོད་ཀྱི་སྔོན་གླེང་དང་། བཀའ་ཤག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གྱི་གཞུང་འབྲེལ་གཏམ་བཤད་དང་། མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་གཏམ་བཤད། སྲིད་སྐྱོང་གི་མིང་ཐོག་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ ནང་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་ཕུལ་བའི་ཛ་དྲག་གི་འབོད་སྐུལ་ཡིག་ཆ། དེ་བཞིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱི་བདུན་ཚིགས་བདུན་པའི་ཐོག་བཀའ་ཤག་གི་གཏམ་བཤད་སོགས་སུ་ངོ་སྤྲོད་བྱས་ཟིན་པ་མ་ཟད། བརྙན་ཐུང་བརྒྱུད་ནས་ཀྱང་ངོ་སྤྲོད་བྱས་ཡོད།
རྒྱལ་སྤྱིའི་སྟེང་། རྒྱ་དམར་གཞུང་གི་ཁྲིམས་ཡིག་ཟེར་བ་དེའི་སྐོར་ལ། ཨ་རི་དང་། ཡུ་རོབ་མཐུན་ཚོགས། འཇར་མན། བེལ་ཇམ། ཁེ་ན་ཌ། ཨིན་ཡུལ། ཨོསྟྲེ་ལི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། ཉི་འོང་སོགས་གཞུང་དང་། རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་པ་བརྒྱད་དང་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཝོལ་ཀར་ཊཱུརཀ་ (Volker Türk) སོགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་ཀྱི་ལམ་ནས་ཁྲིམས་ཡིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྲིམས་ཁག་དང་འགལ་ཡོད་སྐོར་དང་། བཙན་ཤེད་ཀྱིས་མི་རིགས་བསྲེས་བསྒྱུར་བྱེད་པའི་ལག་ཆ་ཞིག་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ཉེན་ཁ་ཡོད་པ་གསལ་སྟོན་གནང་ཡོད་པ་དང་།
དེ་བཞིན་ཨ་རི་གྲོས་ཚོགས་གོང་འོག་གཉིས་དང་ཡུ་རོབ་མཐུན་ཚོགས། ཅེག་སོགས་ཀྱི་གྲོས་ཚོགས་སུ་ཁྲིམས་ཡིག་དེར་གདོང་ལེན་བྱེད་དགོས་པའི་གྲོས་ཆོད་བཞག་ཡོད་པ་མ་ཟད། རང་དབང་ལུང་པ་ཉི་ཤུ་རྩ་གྲངས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་སེམས་འཚབ་ཆེན་པོས་རྒྱ་དམར་གཞུང་གི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། ཞིབ་འཇུག་སྡེ་ཁག་བཅུ་ཕྲག་དུ་མས་དཔྱད་རྩོམ་དང་སྙན་ཐོའི་ལམ་ནས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དེའི་ཉེན་ཚབས་ཐེར་འདོན་གནང་ཡོད་པ་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་དམར་གཞུང་གི་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རིམ་ལ་རྒྱབ་ཀྱིས་ཕྱོགས་པའི་བྱ་བྱེད་ལ་མུ་མཐུད་གདོང་ལེན་མཐར་སྐྱེལ་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།
རྒྱ་དམར་གཞུང་གིས་ཁྲིམས་ཡིག་དེ་ལས་གཞན་ད་དུང་། “རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཡིག” ཟེར་བ་ཞིག་ལ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་བསྐྱར་བཅོས་བྱས་པ་དེའི་ནང་། སྔོན་འགྲོ་ནས་མཐོ་སློབ་བར་རྒྱ་སྐད་ཐོག་སློབ་འཁྲིད་བྱ་རྒྱུ་དང་། གཞུང་གི་ལས་ཁུངས་དང་མི་མང་འདུ་ས་ཡོངས་སུ་རྒྱ་སྐད་གཙོ་བོར་སྤྱོད་དགོས་པ་མ་ཟད། ལོ་བསྟར་ཆགས་ཕྱི་ཟླ་ ༩ པའི་བདུན་ཕྲག་གསུམ་པ་དེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དར་སྤེལ་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་གཏན་འབེབས་བྱས་ཏེ་ལག་ལེན་བསྟར་བཞིན་ཡོད།
ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༡ ཉིན། བཀའ་ཤག་གིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བརྩི་སྲུང་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ཁྲིམས་ཡིག་དེ་རིགས་ལ་ཁ་གཏད་གཅོག་སྟངས་ཀྱི་ཐབས་ཇུས་ཁག་ཅིག་བཏོན་ཟིན་པ་བཞིན། སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་འགན་ཁུར་འོག །བོད་མི་སྒེར་དང། ཁྱིམ་ཚང་། སློབ་གྲྭ། ཚོགས་སྐྱིད། ལས་འགུལ་བ། བོད་དོན་རྒྱབ་སྐྱོར་བ་བཅས་ཡོངས་སུ་རྫོགས་པ་གདུང་ཤུགས་གཅིག་བསྒྲིལ་གྱིས། གསལ་བསྒྲགས་ནང་གསལ་གྱི་འགན་ཁུར་བྱེད་སྒོ་རྣམས་འཐུས་གཙང་བསྒྲུབས་ཏེ། གཞིས་ལུས་སྤུན་ཟླ་རྣམས་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཐུབ་པའི་འབོད་སྐུལ་ཞུ་བཞིན་ཡོད།
བཀའ་ཤག་གི་ངོས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་བྱས་ཏེ། དེ་རིང་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་དང་། བརྙན་ཐུང་བརྒྱུད་ནས་ཀྱང་ཡིག་ཆ་དེ་ངོ་སྤྲོད་བྱེད་ཀྱི་ཡོད་པས། ཚང་མས་ཐུགས་སྣང་གནང་སྟེ། ཡིག་ཆ་ནང་གསལ་གྱི་བྱེད་སྒོ་ཁག་ཁུར་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
ལྷག་པར་དུ་རང་རིགས་གཞོན་སྐྱེས་ཚོས། བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བདུན་ཕྲག་གཅིག་ལ་ཉམས་ལེན་བྱས་ནས་བཞག་ཆོག་པ་ཞིག་ཏུ་མི་བརྩི་བར། རང་ཉིད་གཞིས་ལུས་སྤུན་ཟླ་ས་ཡ་བདུན་ལྷག་གི་མགྲིན་ཚབ་པ་ཡིན་པའི་འགན་ཁུར་མ་བརྗེད་པའི་ཐོག སོ་སོ་རང་ཉིད་ཀྱི་བོད་མིའི་ངོ་བོ་ཉམས་མེད་གཅེས་སྲུང་ཐུབ་པའི་དམ་བཅའ་བརྟན་པོ་བཟུང་སྟེ། བོད་དོན་བདེན་པའི་འཐབ་རྩོད་ལ་ནུས་པ་མཉམ་སྤུངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་བཞིན། རང་ཉིད་མི་རིགས་གཞན་ལ་འཚེ་བ་མེད་པ་དང་བྱམས་བརྩེའི་ལམ་སྣ་འཁྲིད་མཁན་དང་། འཇིག་རྟེན་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་ཐུབ་མཁན་གྱི་བོད་མི་ཞིག་ཆགས་རྒྱུའི་སྙིང་སྟོབས་སྐྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





