བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༡ སྟེང་གི་རྩོམ་སྒྲིག་པའི་གཏམ།
ས་མཐར་གནས་པའི་ང་ཚོར་འཇིག་རྟེན་སྤྱི་མཚུངས་ཀྱི་མི་ལྟར་སྡོད་འདོད་ཀྱང་སྡོད་ལོང་མེད་ལ། ལུས་པོ་ལྷོད་དུ་གནས་ཀྱང་། སེམས་པ་ལྷོད་ལ་མི་འབབ་པའི་ཚོར་བ་ཞིག་འགོག་མེད་དུ་ཡོང་སྲིད། གངས་རི་བརྒལ་ཏེ། རྒྱ་མཚོ་གཤགས་ནས་ས་ཆ་ག་གེ་མོ་ཞིག་ལ་གཞིས་ཁྱིམ་དྲོན་མོ་ཞིག་བཟུང་ཡོད་བསམས་ནས་བསྡད་ཀྱང་། ད་དུང་སྟོང་སིང་སིང་དང་། འཁྱག་སོབ་སོབ་ཀྱི་ཚོར་བ་ཡོང་གི་ཡོད། ཚོར་བ་འདིའི་རྒྱབ་ཏུ་ན་ཟུག་དང་། དྲན་གདུང་། འཁྲེང་སེམས། མིག་ཆུ། གདུང་སེམས་མཉམ་བསྐྱེད་སོགས་ཡོད་ངེས་རེད།

ཚོར་སྣང་འདི་ནི་ང་ཚོའི་འཐབ་རྩོད་ཀྱི་རྒྱུན་ཐག་རེད། རྒྱུན་ཐག་འདི་ཆད་སོང་བ་ཡིན་ན། ང་ཚོའི་འཐབ་རྩོད་ཀྱི་རེ་བའང་ཇེ་ཆུང་དུ་འགྲོ་སྲིད་པ་ཟུར་བལྟས་ལེབ་མཐོང་མ་རེད་དམ། ཕྱི་ཟླ་ ༩ ཚེས་ ༢༣ ནས་ ༢༥ བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཚོར་སྣང་འདིས་ཀུན་ནས་བསླངས་པའི་བོད་ཀྱི་མི་རབས་གསར་པ་ཚོས་ངར་ཤུགས་ངོམས་ཏེ། འཐབ་ཇུས་ལྡན་པའི་སྒོ་ནས་ལས་འགུལ་འབུར་དུ་ཐོན་པ་འགའ་སྤེལ་སོང་། ཁོང་ཚོས་ལས་འགུལ་སྤེལ་སྐབས་ཡུལ་དུས་འདེམས་སྟངས་འོས་འཚམ་ཡིན་པ་མ་ཟད། གསར་གཏོད་རང་བཞིན་དང་ལྡན་པ། བརྡ་ལན་གསལ་པོ་སྤྲོད་ཐུབ་པ། ཐ་ན་འཕྲེད་དར་གྱི་ཚོན་ཁྲ་སོགས་ཀྱང་གཞན་གྱི་དོ་སྣང་འདྲེན་ཐུབ་པ་ཞིག་ཏུ་སྣང་། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི། ཁོ་ཚོའི་ལས་འགུལ་གྱི་མགོ་མཇུག་བར་གསུམ་དུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་གཞི་རྩར་བཟུང་ཡོད་པ་དེ་རེད།
ཤ་དར་ཁྲག་དར་གྱི་གཞོན་སྐྱེས་འདི་ཚོའི་སེམས་པ་གཙང་ཞིང་། རིགས་ཞེན་ཆེ་བ། བོད་ཅེས་པའི་ཚིག་འདི་སེམས་ཁུངས་ནས་མ་བོར་བར་གནས་པ་ནི་ང་ཚོའི་འཐབ་རྩོད་ཀྱི་མ་རྩ་རེད། མ་རྩ་འདི་གསེར་དངུལ་གྱིས་ཀྱང་ཉོ་མི་ཐུབ་པས་རིན་ཐང་གཞལ་བར་དཀའ། མ་རྩ་འདིའི་འབྱུང་ཁུངས་ཐད་ནས་རོབ་ཙམ་གླེང་ན། མ་རྩ་དང་པོ་འཇོག་མཁན་ནི་སོ་སོའི་ཕ་མའི་བྱ་སྤྱོད་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་རྣམ་རྒྱལ་གྱིས་ཁོ་རང་ལོ་ན་དྲུག་གི་ཐོག་ཕ་མ་དང་མཉམ་དུ་ངོ་རྒོལ་སྐད་འབོད་བྱེད་དུ་ཕྱིན་སྐབས་རང་ལུས་མེར་སྲེག་ཅེས་པའི་མིང་ཚིག་དེའི་གོ་དོན་ཤེས་བྱུང་ཞེས་བཤད་འདུག
འོ་ན། མ་རྩ་དེའི་སྟེང་ལ་མ་རྩ་འཕར་མ་ཞིག་འཇོག་མཁན་དེ་སུ་རེད་ཅེ་ན། དགུ་བཅུ་གོ་གྲངས་ནང་ཨ་རིར་འཚོགས་པའི་བོད་ཀྱི་རང་དབང་རོལ་དབྱངས་འདུ་འཛོམས་དང་ལྷན་དུ་ཕྱི་མི་གཞོན་སྐྱེས་མང་པོ་ཞིག་གིས་བོད་དོན་ལ་དོ་སྣང་བྱས་པ་རེད། དེའི་ནང་དུ་བོད་ཕྱོགས་ནས་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་མཁན་གཅིག་ནི་བཀྲས་མཐོང་ལྷ་སྒྲོན་ལགས་རེད། མོའི་སྣེ་ཁྲིད་འོག་འདས་པའི་ལོ་ངོ་དུ་མའི་རིང་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཐོག་ནས་བོད་ཀྱི་མི་རབས་གསར་པ་ཚོར་ངོ་རྒོལ་སྐད་འབོད་བྱེད་སྟངས་དང་། གསར་འགོད་པར་སྐད་ཆ་ཤོད་སྟངས། འཚེ་མེད་ཞི་བ་དང་། འཐབ་ཇུས་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་སྟངས་སོགས་རབ་དང་རིམ་པ་བསླབས་ཡོད་པས། དངོས་ཡོད་ལག་ལེན་གྱི་ཐོག་ནས་ལས་འགུལ་སྤེལ་བ་གཅིག་ནི། ཐེངས་འདིར་བོད་ཀྱི་གཞོན་སྐྱེས་ཁག་གཅིག་གིས་ཤིང་སྡོང་དང་གློག་སྡོང་སོགས་ཅི་ཡང་མེད་པའི་གཞུང་ལམ་སུམ་མདོར་ལྕགས་ཀྱི་ཀ་ར་རྐང་གསུམ་ཞིག་བཙུགས་ནས་འཕྲེད་དར་འཕྱར་བ་དང། སྐད་འབོད་བྱས་པའི་གནས་ཚུལ་དེ་རེད། ང་ཚོའི་མི་རབས་གསར་པར་ངར་ཤུགས་འདུག་ལ། སེམས་ཤུགས་ནི་སྨོས་ག་ལ་དགོས།།




