བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གིས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཐའེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་པའི་གསལ་བསྒྲགས་སྤེལ་འདུག
དེ་འབྲེལ་བཀའ་དྲུང་ཡིག་ཚང་གི་གསལ་བསྒྲགས་ལྟར་ན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ དགོངས་དོན་ལྟར། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་པ་བཞིན། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་ལོ་གསུམ་རིང་བསྐོ་གཞག་གནང་འདུག་པ་དང་། ཁོང་གིས་ཕྱི་ལོ་ ༢༠༢༧ ཟླ་ ༣ ཚེས་ ༢༡ ཉིན་ལས་ཁུར་དབུ་འཛུགས་ཞུ་རྒྱུ་ཡིན་པ་རེད། དེ་བཞིན་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཐའེ་ཝན་སྐུ་དོན་གཅོད་དུ་ལོ་བཞིའི་རིང་བསྐོ་གཞག་གནང་འདུག་པ་དང་། ཁོང་གིས་ཕྱི་ལོ་ ༢༠༢༧ ཟླ་ ༣ ཚེས་ ༢༢ ཉིན་ལས་ཁུར་དངོས་སུ་དབུ་འཛུགས་ཞུ་རྒྱུ་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





