མཁས་གྲུབ་དོན་གྲུབ་ཀྱིས་བརྩམས། ལྷ་མོ་མཚོས་བོད་བསྒྱུར་བྱས།
ཉེན་བརྡ་ལ་སྣང་མེད་དུ་བཏང་བའི་དུས་སྐབས་དེ་དག་གིས་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་བཟོ་སྲིད། ཕྱི་ལོ་ ༡༩༥༢ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་གཅེན་པོ་རྒྱལ་ལོ་དོན་གྲུབ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་སྐབས། རྒྱ་ནག་གི་ཀུན་སློང་བཟང་པོ་མིན་པའི་སྐོར་གྱི་ཉེན་བརྡ་གསལ་པོ་ཞིག་བསྣམས་ཕེབས་ཡོད། ཁོང་གིས་པེ་ཅིན་གྱིས་རང་གི་དབང་སྒྱུར་བརྟན་པོ་བཟོས་ཏེ་བོད་ཀྱི་རང་སྐྱོང་གི་ཐོབ་ཐང་འཕྲོག་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་བོད་གཞུང་ལ་ཉེན་བརྡ་བཏང་ཡོད། འོན་ཀྱང་བོད་གཞུང་གི་དཔོན་རིགས་ཁག་གིས་ཁོང་གི་གསུང་ལ་དོ་སྣང་མ་བྱས་པ་མ་ཟད། དགོད་བྲོ་བའི་གཏམ་ཞིག་ཏུའང་བརྩིས། དེ་ནས་ལོ་ཤས་ཀྱི་ནང་བོད་རང་བཙན་ཤོར། རིག་གཞུང་ལ་དམ་དྲག་བྱས། མི་མང་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་ཀྱི་འཆིང་ཐག་ཏུ་ཚུད།
འདི་ནི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཙམ་ཞིག་མ་ཡིན་པར། སྔོན་དཔག་ལ་སྣང་མེད་དུ་བཏང་བའི་མཇུག་འབྲས་དང་། དབང་ཤེད་རིང་ལུགས་ཀྱི་འདོད་རྔམ་ལ་མཐོང་ཆུང་བྱས་པའི་ཉེན་ཁ། དེ་བཞིན་པེ་ཅིན་གྱི་ཁས་ལེན་ལ་ཁ་གཏད་ནས་དོགས་ཟོན་བྱ་དགོས་པའི་གལ་གནད་ད་ལྟའང་གནས་ཡོད་པ་སྟོན་པའི་བསླབ་བྱ་ཞིག་ཡིན།
ཕྱི་ལོ་ ༡༩༥༢ ལོའི་རྒྱབ་ལྗོངས།
རྒྱལ་ལོ་དོན་གྲུབ་བོད་དུ་ཕེབས་སྐབས་དེ་ནི་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཡིན། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། བོད་གཞུང་ལ་དོན་ཚན་བཅུ་བདུན་ཅན་གྱི་གྲོས་མཐུན་ལ་མིང་རྟགས་འགོད་དུ་བཅུག་ཡོད། གྲོས་མཐུན་དེའི་ནང་བོད་ལ་རང་སྐྱོང་གི་ཁས་ལེན་བྱས་ཡོད་ཀྱང་། པེ་ཅིན་གྱི་དམིགས་ཡུལ་ངོ་མ་སྦས་ཡོད། བོད་གཞུང་གི་དཔོན་རིགས་ཁག་གིས་ད་དུང་རྒྱ་ནག་གིས་རང་གི་ཁས་ལེན་སྲུང་རྒྱུའི་རེ་བ་བཅངས་ཡོད།
རྒྱལ་ལོ་དོན་གྲུབ་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་བྱེད་སྟངས་དངོས་སུ་མཐོང་ཡོད་པས། བོད་ཀྱི་བདག་དབང་ལ་ཉེན་ཁ་ཆེན་པོ་ཕྲད་ཡོད་པ་མཁྱེན་ཡོད། ཁོང་གི་ཉེན་བརྡ་དེ་ནི་ཚོད་དཔག་ཙམ་མིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱ་བསྐྱེད་རིང་ལུགས་དང་། ཚོགས་པ་དེས་རང་སྐྱོང་གི་ཁས་ལེན་ལ་བརྩི་མེད་བྱེད་པའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཡོད།
ཉེན་བརྡ།
རྒྱལ་ལོ་དོན་གྲུབ་ཀྱིས་བོད་གཞུང་ལ་ཉེན་བརྡ་གསལ་པོ་བཏང་སྟེ། རྒྱ་ནག་གི་དམག་དཔུང་བོད་དུ་བཞག་པ་དང་ཆབ་སྲིད་ཀྱི་བྱུས་ངན་དེ་དག་གནས་སྐབས་ཙམ་མིན་ཞེས་གསུངས། པེ་ཅིན་གྱིས་བོད་ཡོངས་རྫོགས་རང་གི་དབང་འོག་ཏུ་བསྡུ་བ་དང་། བོད་ཀྱི་ལས་ཁུངས་ཁག་མེད་པར་བཟོ་བ། དམར་ཤོག་གི་དབང་སྒྱུར་བཙན་ཤེད་ཀྱིས་འཛུགས་རྒྱུའི་དམིགས་ཡུལ་ཡོད་ཅེས་གསུངས།
ཁོང་གིས་དམག་དོན་དབང་སྒྱུར་བརྟན་པོ་བཟོ་རྒྱུ་སྔོན་ནས་མཁྱེན་ཡོད་དེ། མི་དམངས་བཅིངས་འགྲོལ་དམག་དཔུང་བོད་ཀྱི་ས་ཁུལ་ཡོངས་སུ་སྒྲིག་འཛུགས་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་གཉའ་གནོན་ཐད། བོད་ཀྱི་དཔོན་རིགས་རྣམས་ཟུར་དུ་བསྐྱུར་ཏེ་ཐག་གཅོད་རྣམས་པེ་ཅིན་ནས་བྱེད་བཞིན་ཡོད། རིག་གཞུང་ཉམས་རྒུད་ཐད། ཆོས་དད་རང་དབང་དང་བོད་ཀྱི་ངོ་བོར་ཉེན་ཁ་ཕྲད་འགོ་ཚུགས་ཡོད།
འོན་ཀྱང་ཁོང་གི་གསུང་ལ་དགོད་བྲོ་བ་དང་ཡིད་མི་ཆེས་པ། སྣང་མེད་བཅས་བྱས། བོད་གཞུང་གི་ཁ་སྲོལ་རྒྱུན་ལ་ཕྱོགས་ཤིང་། དམར་ཤོག་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་དང་ཁ་ཐག་རིང་བ། ཉེན་ཁའི་ཚད་ལ་མཐོང་ཆུང་བྱས་པ་རེད།
ཉེན་བརྡ་སྣང་མེད་དུ་བཏང་བའི་རྒྱུ་མཚན།
རྒྱལ་ལོ་དོན་གྲུབ་ཀྱི་ཉེན་བརྡ་སྣང་མེད་དུ་བཏང་བའི་རྒྱུ་རྐྱེན་གཤམ་གསལ།
༡། གཅིག་པུར་གནས་པ། བོད་ནི་ཡུན་རིང་ནས་འཛམ་གླིང་གི་ཆབ་སྲིད་དང་ཁ་བྲལ་ཏེ་གནས་ཡོད་པས། དེང་རབས་ཀྱི་རྒྱལ་སྲིད་སྐྱོང་ཐབས་ཐད་ཉམས་མྱོང་ཉུང་།
༢། ཁས་ལེན་ལ་ཡིད་ཆེས་པ། དཔོན་རིགས་ཁ་ཤས་ཀྱིས་དོན་ཚན་བཅུ་བདུན་ཅན་གྱི་གྲོས་མཐུན་དེ་བོད་ཀྱི་རང་སྐྱོང་ལ་ཁག་ཐེག་བྱེད་པའི་དམ་བཅའ་ཞིག་ཏུ་བརྩིས།
༣། རིག་གཞུང་ལ་སྤོབས་པ། བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་གི་མཐུ་སྟོབས་ཀྱིས་ཕྱི་རོལ་གྱི་དབང་སྒྱུར་ལས་སྐྱོབ་ཐུབ་པར་ཡིད་ཆེས་བྱས།
༤། རྒྱ་ནག་དམར་ཤོག་ཚོགས་པར་མཐོང་ཆུང་བྱས་པ།
མའོ་ཙེ་ཏུང་གི་སྲིད་གཞུང་གི་གདུག་རྩུབ་དང་བོད་རྒྱ་རུ་བསྒྱུར་བའི་ཐག་གཅོད་བརྟན་པོ་དེ་རྟོགས་མཁན་ཉུང་ཤས་ལས་མེད།
གཅིག་པུར་གནས་པ་དང་། ནོར་འཁྲུལ་གྱི་ཡིད་ཆེས། རིག་གཞུང་ལ་སྤོབས་པ་བཅས་ཀྱིས་དོགས་ཟོན་ཆེན་པོ་བྱེད་དགོས་པའི་དུས་སྐབས་དེར་ལྷོད་གཡེང་བྱུང་།
ཉེན་བརྡ་སྣང་མེད་དུ་བཏང་བའི་འབྲས་བུ།
རྒྱལ་ལོ་དོན་གྲུབ་ཀྱི་ཉེན་བརྡ་སྣང་མེད་དུ་བཏང་བས། བོད་ཀྱིས་འགོག་རྒོལ་གྱི་གྲ་སྒྲིག་དང་རྒྱལ་སྤྱིར་རོགས་རམ་ཞུ་བའི་གོ་སྐབས་ཤོར།
ཕྱི་ལོ་ ༡༩༥༩ ལོའི་གྱེན་ལངས།
བོད་མི་རྣམས་ཐབས་ཟད་ཀྱི་གནས་སྟངས་འོག་གྱེན་ལངས་བྱས་ཀྱང་དྲག་ཤུགས་ཀྱིས་མནན་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་དགོས་བྱུང་། རིག་གཞུང་གཏོར་བཤིག དགོན་སྡེ་མང་པོ་བཤིག་པ་དང་ཆོས་ཀྱི་བྱེད་སྒོ་ལ་ཚད་བཀག་བྱས། བོད་སྐད་ཡིག་གི་བེད་སྤྱོད་ཉུང་དུ་བཏང་།
ཆབ་སྲིད་ཀྱི་གཉའ་གནོན།
བོད་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམ་བསྒྲགས་འོག་གི་ས་ཁུལ་ཞིག་ཏུ་གྱུར་ཏེ། ལྟ་ཞིབ་དང་གཉའ་གནོན་ནི་ཉིན་རེའི་འཚོ་བའི་ཆ་ཤས་སུ་གྱུར།
ཕྱི་ལོ་ ༡༩༥༢ ལོའི་འཕྱ་སྨོད་དེ་བཙན་འཛུལ་འོག་ཏུ་གྲགས་འགུལ་མེད་པར་གྱུར།
ད་ལྟའི་དུས་དང་འཚམ་པའི་བསླབ་བྱ།
རྒྱལ་ལོ་དོན་གྲུབ་ཀྱི་ཉེན་བརྡ་དེ་ནི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཙམ་མ་ཡིན་པར། སྔོན་དཔག་ལ་སྣང་མེད་དུ་བཏང་བའི་མཇུག་འབྲས་ཀྱི་བསླབ་བྱ་ཞིག་ཡིན།
དབང་ཤེད་ཅན་གྱི་ཁས་ལེན།
བོད་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་གནས་ཚུལ་ལས་མངོན་པ་ལྟར། པེ་ཅིན་གྱིས་རང་སྐྱོང་གི་ཁས་ལེན་རྟག་ཏུ་བརྩི་སྲུང་བྱས་མེད།
དོགས་ཟོན་གྱི་གལ་གནད།
རྒྱལ་ཁབ་ཆུང་ངུ་དང་ཉམས་ཆུང་མི་སྡེ་ཁག་གིས་ཉེན་བརྡ་ལ་དོ་སྣང་ཆེན་པོ་བྱས་ཏེ། བཙན་ཤེད་ལ་གྲ་སྒྲིག་བྱ་དགོས།
རྒྱལ་སྤྱིའི་འགན་འཁྲི།
ཁུ་སིམ་པོར་སྡོད་པ་དང་སྣང་མེད་དུ་འཇོག་པ་དེས་དབང་ཤེད་རིང་ལུགས་ཀྱི་རྒྱ་བསྐྱེད་ལ་མཐུན་འགྱུར་སྤྲོད་པ་འཛམ་གླིང་གིས་ངོས་འཛིན་བྱ་དགོས།
ཐའེ་ཝན་དང་མཚུངས་ཆ།
དེང་སྐབས་ཐའེ་ཝན་ལ་འདྲ་མཚུངས་ཀྱི་དཀའ་ངལ་ཞིག་ཕྲད་ཡོད། པེ་ཅིན་གྱིས་«རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་»ཀྱི་ཁས་ལེན་བྱེད་ཀྱང་། ཁས་ལེན་དེ་དག་གི་དོན་དངོས་ནི་འདྲེས་སྡེབ་དང་གཉའ་གནོན་ཡིན་པ་བོད་ཀྱི་ལས་དབང་ལས་མངོན་ཡོད། ཐའེ་ཝན་གྱི་དམངས་གཙོ་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤེད་རིང་ལུགས་གཉིས་ནམ་ཡང་མཐུན་མི་ཐུབ།
བོད་ལ་བྱས་པའི་ཁས་ལེན་ལ་བརྩི་འཇོག་མ་བྱས་པས། པེ་ཅིན་གྱི་དབང་འོག་གི་རང་སྐྱོང་ནི་མིང་ཙམ་ཡིན་པ་ར་སྤྲོད་བྱས་ཡོད། ཧོང་ཀོང་གི་ཉམས་མྱོང་གིས་ཀྱང་རང་དབང་གི་ཁས་ལེན་རྣམས་མྱུར་དུ་ཕྱིར་འཐེན་བྱས་པའི་བསླབ་བྱ་དེ་ནན་བཤད་བྱས་ཡོད། ཐའེ་ཝན་གྱིས་བོད་ཀྱི་སྐྱོ་གར་ལས་བསླབ་བྱ་བླངས་ཡོད། བདག་དབང་རྩིས་སྤྲོད་བྱས་ན། རང་གི་དམངས་གཙོ་དང་རིག་གཞུང་། རང་དབང་བཅས་རྫོགས་རྒྱུ་ཡིན་པ་ཐའེ་ཝན་གྱིས་ཤེས་ཡོད།
རྒྱ་ཆེ་བའི་ཤུགས་རྐྱེན།
རྒྱལ་ལོ་དོན་གྲུབ་ཀྱི་ཉེན་བརྡ་སྣང་མེད་དུ་བཏང་བ་དེ་བོད་དང་ཐའེ་ཝན་ལས་བརྒལ་ཏེ་དབང་ཤེད་ཅན་གྱི་སྲིད་གཞུང་དང་ཁ་གཏད་བྱེད་པའི་དཀའ་ངལ་ཆེ་བ་དེ་ཡང་མཚོན་ཡོད། ལྷོད་གཡེང་ནི་ཉེན་ཁ་ཡིན། ཉེན་བརྡ་སྣང་མེད་དུ་བཏང་ན་སྐྱོ་གར་ལ་མགྲོན་འབོད་བྱེད་པ་ཡིན། ཁས་ལེན་ལ་ཞིབ་དཔྱོད་བྱ་དགོས། དབང་ཤེད་ཅན་གྱི་སྲིད་གཞུང་གིས་གྲོས་མཐུན་རྣམས་མགོ་སྐོར་གྱི་ལག་ཆར་བེད་སྤྱོད་གཏོང་སྲོལ་ཡོད། རྒྱལ་སྤྱིའི་མཐུན་སྒྲིལ་གལ་ཆེན་པོ་ཡིན། ཁུ་སིམ་པོར་སྡོད་པས་བཙན་འཛུལ་བར་སྤོབས་པ་སྐྱེད་ཅིང་། དོགས་ཟོན་གྱིས་དེ་དག་འགོག་ཐུབ།
མཇུག་སྡོམ།
ཕྱི་ལོ་ ༡༩༥༢ ལོར་རྒྱལ་ལོ་དོན་གྲུབ་ཀྱིས་གཞན་གྱིས་ངོས་ལེན་བྱེད་མ་འདོད་པའི་གནས་ཚུལ་དེ་གསལ་པོར་གཟིགས་ཡོད། བོད་ནི་རང་དབང་ཤོར་བའི་མཐའ་ལ་སླེབས་ཡོད། ཁོང་གི་ཉེན་བརྡ་དགོད་གཏམ་དུ་བརྩིས་པས་བོད་ཀྱིས་དེའི་མཇུག་འབྲས་ལ་གདོང་ལེན་བྱེད་དགོས་བྱུང་། དེང་སྐབས་ཁོང་གི་ལོ་རྒྱུས་དེ་ནི་དབང་ཤེད་ཅན་གྱི་སྲིད་གཞུང་གིས་རང་གི་ཁས་ལེན་སྲུང་བ་ཧ་ཅང་དཀོན་པ་དང་། དོགས་ཟོན་ནི་གཞན་གྱི་དབང་འོག་ཏུ་མི་ཚུད་པའི་སྲུང་སྐྱོབ་གཅིག་པུ་ཡིན་པའི་དྲན་སྐུལ་ཞིག་ཡིན།
འཛམ་གླིང་གིས་ས་གནས་གཞན་དུ་པེ་ཅིན་གྱི་འདོད་རྔམ་དང་ཁ་གཏད་བྱེད་སྐབས། བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ་དེ་དྲན་དགོས། སྔོན་དཔག་དེ་དགོད་གཏམ་དུ་བརྩིས་ན་སྐྱོ་གར་ལ་མགྲོན་འབོད་བྱེད་པ་དང་མཚུངས་ལ། དེ་ལ་དོ་སྣང་བྱས་ན་རང་དབང་སྲུང་སྐྱོབ་བྱེད་པ་ཡིན།
མ་རྩོམ་ལ་གཟིགས་འདོད་མཆིས་ཚེ་འདིར་ནོན།
མཁས་གྲུབ་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
མཁས་གྲུབ་དོན་གྲུབ་ནི་༧རྒྱལ་བ་རིན་པོ་ཆེའི་སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་གི་སྲས་ཡིན། ཁོང་གིས་ལྡི་ལིའི་སེནཊ་ སཊི་ཧྥེནསིའིསློབ་གྲྭ་ཆེན་མོ་ (St. Stephens) དང་ཨ་རིའི་སེན་ཧྥི་རན་སིས་སི་ཁོ་སློབ་གྲྭ་ཆེན་མོ་ (University of San Francisco) ནས་སློབ་གཉེར་གནང་ཡོད། ཁོང་གིས་༧གོང་ས་ཏཱ་ལའི་བླ་མའི་སྐུ་སྒེར་དྲུང་ཆེའི་འགན་འཁྱུར་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་༸རྒྱལ་བ་རིན་པོ་ཆེ་ཨ་རིར་ཐོག་མར་ཕེབས་སྐབས་མཉམ་དུ་སྐུ་བཅར་ཞུས་ཡོད། ༡༩༨༠ ནས་ ༡༩༩༣ བར་༧རྒྱལ་བ་རིན་པོ་ཆེས་ཁོང་པེ་ཅིང་དུ་གྲོས་མོལ་གྱི་དོན་དུ་མངགས་གཏོང་གནང་བས། ཞི་ཀྲུང་ཞུན་ (Xi Zhongxun) དང་ཧུའུ་ཅིན་ཐའོ་ (Hu Jintao) མཉམ་དུ་འབྲེལ་བ་གནང་། ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་འཐུས་སྐབས་གསུམ་རིང་གནང་མྱོང་ཡོད་པ་དང་། ༡༩༨༧ ནས་བཟུང་རྡོར་གླིང་བོད་མིའི་ལག་རྩལ་བཟོ་གྲྭའི་འགན་འཛིན་གནང་ཡོད། ཁོང་གིས་ Dalai Lama My Son དང་ Tibet in Turmoil ཞེས་པའི་དེབ་གཉིས་རྩོམ་སྒྲིག་གནང་ཡོད། དེང་སང་ཁོང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ (Taipei, Taiwan) རུ་བཞུགས་ཀྱི་ཡོད།




