ཨ་རིས་སྲིད་ཇུས་ཀྱི་ཐོག་ནས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་གཅིག་པུར་༧གོང་ས་མཆོག་གི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་བྱེད་པའི་ཁྲིམས་མཐུན་གྱི་དབང་ཚད་ཡོད་པར་ངོས་འཛིན་དགོས་པའི་སྐུལ་འདེད་བྱས་འདུག

ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཚོགས་(USCC) ཀྱིས། ཕྱི་ལོ་ ༢༠༢༦ ལོའི་རྒྱ་ནག་དང་འབྲེལ་བའི་བདེ་འཇགས་དང་ཚོང་འབྲེལ་གྱི་ལོ་འཁོར་སྙན་ཐོ་བཏོན་ཏེ། ཨ་རིའི་གྲོས་ཚོགས་ཀྱིས་སྲིད་ཇུས་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་འདེམས་བསྐོ་བྱས་པའི་ཡང་སྲིད་ལ་ངོས་ལེན་མི་བྱེད་པ་དང་། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་གཅིག་པུར་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་བྱེད་པའི་ཁྲིམས་མཐུན་གྱི་དབང་ཚད་ཡོད་པར་ངོས་འཛིན་དགོས་པའི་སྐུལ་འདེད་བྱས་འདུག
དེ་འབྲེལ་སྙན་ཐོའི་ནང་། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་ལོ་བགྲེས་པོར་ཕེབས་པའི་སྐབས་འདིར། རྒྱ་ནག་གཞུང་གིས་༧ཁོང་གི་ཡང་སྲིད་ངོས་འཛིན་གྱི་གནད་དོན་དེ་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་འགྲན་རྩོད་ཅིག་ཏུ་བསྒྱུར་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། དེའི་མཇུག་ལ་ཤུགས་རྐྱེན་ཐེབས་པར་བཙན་ཤེད་ཀྱི་ཐབས་ལམ་སྤྱད་སྲིད། རྒྱ་གར་ནི་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གཉིས་ཀ་གནས་སྡོད་བྱེད་ས་ཡིན་པ་མ་ཟད། རྒྱ་ནག་དང་ལྷན་དུ་རྩོད་གཞི་ཅན་གྱི་ས་མཚམས་རིང་པོ་ཡོད་པས། རྩོད་རྙོག་འདིའི་ལྟེ་བ་ནི་རྒྱ་གར་ཆགས་ཡོད། ཅེས་བརྗོད་འདུག
ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་ལ་དོན་ཚན་ཁག་ཅིག་སྐུལ་འདེད་ཞུས་པའི་ནང་། ཨ་རིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་སྲིད་ཇུས་དག་གྲ་སྒྲིག་དང་ལག་བསྟར་བྱེད་པར། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་སྟོན་པ་དང་གསང་བའི་ལས་ཁུངས་ཀྱི་འགན་འཛིན། དེ་བཞིན་རྒྱལ་སྲུང་དྲུང་ཆེ་བཅས་ཀྱིས་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ཛ་དྲག་གི་ཐག་གཅོད་དང་གསལ་འདེབས། འགན་འཁྲི་འཁུར་ཕྱོགས་སོགས་ཀྱི་སྐོར་ལ་ལས་ཁུངས་ནང་ཁུལ་གྲོས་ཞིབ་བྱས་ཏེ། འབྱུང་འགྱུར་ཉིན་གྲངས་ ༡༨༠ ནང་ཚུད་དུ་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་དེ་འབྲེལ་གྱི་འཚོལ་ཞིབ་གྲུབ་འབྲས་སྙན་སེང་ཞུ་དགོས།
ཨ་རིས་རྒྱ་གར་གཞུང་དང་ལྷན་དུ་ཡང་སྲིད་དང་འབྲེལ་བའི་མཐོ་རིམ་གྱི་འབྲེལ་ལམ་བཙུགས་ཏེ། རྒྱ་ནག་གི་ཤུགས་རྐྱེན་སྐོར་གྱི་གསང་བའི་གནས་ཚུལ་ཚུད་པའི་ཡང་སྲིད་དང་འབྲེལ་བའི་གནས་ཚུལ་རྒྱུན་མཐུད་ནས་ཕན་ཚུན་བར་བརྗེ་རེས་བྱེད་དགོས། དེའི་གནས་བབ་སྐོར་མ་འོངས་ཉིན་གྲངས་ ༡༨༠ ནང་ཚུན་དུ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཁག་ལ་སྙན་སེང་ཞུ་དགོས།
ཨ་རིས་རྒྱ་གར་གྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ཡང་སྲིད་དང་འབྲེལ་བའི་ཆབ་སྲིད་དང་བདེ་འཇགས་ཀྱི་རྩོད་རྙོག་ཐོག་གཞུང་འབྲེལ་མིན་པའི་ཕྱི་འབྲེལ་བརྒྱུད་ནས་ཛ་དྲག་གི་ཐག་གཅོད་དང་གསལ་འདེབས། འགན་འཁྲི་འཁུར་ཕྱོགས་སོགས་གྲོས་མོལ་བྱེད་དགོས།
ཨ་རིས་རང་གི་མཐུན་གྲོགས་དང་མཉམ་ལས་རྒྱལ་ཁབ་ཁག་ལ་རྒྱ་ནག་གཞུང་གིས་འདེམས་སྒྲུག་བྱས་པའི་ཡང་སྲིད་སུ་གང་ལའང་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གནས་བབ་མེད་པའི་བརྡ་ལན་སྤྲོད་དུ་འཇུག་དགོས།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་བདེ་འཇགས་དང་ནུས་པ་གོང་འཕེལ་བཏང་སྟེ། རྒྱ་ནག་གི་དྲ་རྒྱ་དང་མིས་བཟོས་རིག་ནུས (AI) ལ་བརྟེན་པའི་གནས་ཚུལ་རྫུན་མའི་ལས་འགུལ་དང་ཡང་སྲིད་དང་འབྲེལ་བའི་ཤུགས་རྐྱེན་སྤེལ་བའི་ལས་དོན་ལ་གདོང་ལེན་བྱེད་དགོས།
མཇུག་ཏུ། ཨ་རིའི་གྲོས་ཚོགས་ཀྱིས་འབྲེལ་ཡོད་ལ་གོང་བརྗོད་ལས་དོན་དག་བསྒྲུབ་པར་དཔལ་འབྱོར་དང་དབང་ཆ་སྤྲོད་དགོས་ཡོད་པ་བཅས་རེད།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན་བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་བའི་བཀའ་དབུས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད། གསལ་བསྒྲགས་ནང་། ཀུན་གྱིས་བློ་མངའ་བཞིན། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གི་ཚོགས་འདུར་གོ་བསྡུར་དང་འབྲེལ། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཀུན་དང་། བོད་དང་བོད་མིར་འབྲེལ་ཆགས་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བའི་ངོས་ཀྱི་བསྒྲགས་གཏམ་གྱི་ནང་ “འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན་”ཚུལ་དང་། ཡང་ “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།” ཞེས་གསལ་བ་ལྟར། བར་སྐབས་འདི་ནས་དད་ལྡན་མང་ཚོགས་ལ་དམིགས་བསལ་གོ་བསྡུར་བྱ་རྒྱུ་མ་བྱུང་རུང་། འདས་པའི་ལོ་ངོ་བཅུ་བཞིའི་རིང་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཐུས་ཚོགས་དང་དམིགས་བསལ་ཚོགས་ཆེན། འཛིན་སྐྱོང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཧི་མ་ལ་ཡའི་རི་རྒྱུད། ཆེན་པོ་ཧོར་དང་རུ་སུའི་ཁོངས་ཀྱི་ནང་པའི་ཡུལ་དགོན། རྒྱ་ནག་སྐམ་ས་སོགས་ཀྱི་རྒྱ་རིགས་དང་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གི་དད་ལྡན་མི་མང་བཅས་ནས་དང་བླང་གིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པའི་མངོན་འདོད་རྒྱུ་མཚན་དང་སྦྲགས་ཏེ་ཡིག་ཐོག་ནས་ཞུ་སྐུལ་ནན་པོ་བྱུང་བ་དང་། ལྷག་པར་དུ་གཞིས་ལུས་བོད་མི་སྤྱི་སྒེར་མང་པོས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་སྔ་རྗེས་འབྱོར་བ་ལྟར། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་འབྲེལ་ཡོད་མང་ཚོགས་ཀྱི་མངོན་འདོད་བཅོས་མིན་གྱི་ལམ་ནས་ཐག་གཅོད་བྱས་པར་ངོས་འཛིན་གྱིས་དེ་དོན་ཡོང་བའི་མོས་མཐུན་བྱེད། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་པ་བཅས་ཀུན་གྱིས་ཡིད་འཇགས་གྱིས། དྷ་རམ་ས་ལ་ནས་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་ ༢༡༥༢ རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ཟླ་ ༣ ཚེས་ ༢༤ ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༡ ལ་བྲིས་པ་དགེ་བར་གྱུར་ཅིག ཅེས་གསུངས་ཡོད།
བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་གྲོས་ཆོད་ཁག་ཅིག་ལ་སྤྱི་མོས་བྱུང་བ་ནི། གཅིག སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་ཆ་ཚང་ལ་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་དང༌། གསུང་འཕྲིན་འདི་ཉིད་གསལ་བསྒྲགས་རྒྱ་གང་ཆེ་ཁྱབ་འགྲེམས་ཞུ་རྒྱུ། གཉིས། སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་བྱ་རྒྱུ་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་སྟབས། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་ནས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོགས་བྱས་དང་བྱེད་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད། གསུམ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་ཡོངས་ནས་༸མགོན་པོ་མཆོག་གི་བཞེད་དགོངས་འགྲུབ་ཐབས་ལ་ཕྱར་གྲུ་མཉམ་འདེགས་ཞུ་སླད། དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་སྒོ་ནས་འབད་འབུངས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཞེས་པ་བཅས་རེད།




