མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་དང་ནང་ཆོས་བར་གྱི་འགལ་འབྲེལ། ཚན་པ་དང་པོ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༢ ཚེས་ ༤ ཉིན་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཆེད་དུ་བོད་གཞུང་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རམས་པ་ལྷག་རྡོར་ལགས་ལ་ཚན་རིག་དང་ནང་ཆོས་བར་གྱི་འགལ་འབྲེལ་ཁག་ཅིག་བཅར་འདྲི་ཞུས་པ་གཤམ་གསལ་ལྟར།
༡. དྲི་བ། འདི་ག་བོད་གཞུང་དཔེ་མཛོད་ཁང་དུ་ནང་ཆོས་དང་ཚན་རིག་བར་ཉམས་ཞིབ་ཀྱི་སྡེ་ཚན་ཞིག་ཟུར་འཛུགས་བྱས་ཡོད་རབས་འདུག་པས་ན། སྐུ་ཉིད་ཀྱིས་དེའི་དམིགས་ཡུལ་དང་ད་ལྟའི་བར་གྲུབ་འབྲས་གང་ཡོད་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས་།
ལན། ཚན་རིག་སྟེང་ལ་ཆེད་དུ་ཉམས་ཞིབ་ཀྱི་སྡེ་ཚན་མ་རེད། དགོན་སྡེ་ཁག་གི་དགེ་འདུན་པ་ཚོར་ཚན་རིག་སློབ་རྒྱུའི་ལས་གཞི་ཞིག་ ༢༠༠༠ ནས་ད་ལྟའི་བར་འགྲོ་བཞིན་ཡོད། ལོ་རེར་ཟླ་གཅིག་རེར་ཚན་རིག་གི་ཟབ་སྦྱོང་སྤྲོད་ཀྱིན་ཡོད་ལ། ད་ལྟའི་བར་ཚན་རིག་ཟབ་སྦྱོང་ཐེངས་དགུ་འཚོགས་ཟིན། ད་ལོ་ནས་བཟུང་ཟབ་སྦྱོང་གི་ལས་གཞི་གསར་པ་ཞིག་མགོ་འཛུགས་ཞུ་བཞིན་ཡོད་ལ། དེ་ནི་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་གྱིས་དགོན་སྡེ་ཁག་གི་དགེ་འདུན་པ་ ༣༠ ཙམ་ལ་ཚན་རིག་སློབ་རྒྱུའི་འཆར་གཞི་བཏིང་ཡོད། དེར་སྔོན་མ་དང་མི་འདྲ་བ་ཞིག་ནི། སྔོན་མ་དགེ་རྒན་ཚོས་གང་བསླབ་པ་དེ་ལས་དམིགས་བསལ་སློབ་ཚན་དང་སློབ་དེབ་གྲ་སྒྲིག་གང་ཡང་མེད་སྟབས། འཆར་གཞི་དེ་གཏན་འཇགས་དང་ཕུགས་རྒྱང་རིང་བོའི་ཆེད། ཚན་རིག་གི་ཤེས་བྱ་བོད་ཡིག་ཏུ་སྒྱུར་མཁན་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཏེ་ད་ལྟ་སློབ་ཚན་དང་པོ་ལེགས་འགྲུབ་བྱུང་ཡོད། ནང་ཆོས་དང་ཚན་རིག་བར་འབྲེལ་བ་ཡོད་རིགས་གལ་ཆེན་ཁག་བོད་དབྱིན་གཉིས་ཀའི་ནང་ཡོད་སྟབས། རིམ་གྱིས་དགོན་པའི་ཚན་རིག་གི་འཛིན་གྲྭར་སློབ་དེབ་ཡོད་པ་དང་། འཛིན་གྲྭར་འགྲོ་མ་ཐུབ་པ་ཚོར་རང་སྦྱོང་གི་ཀློག་དེབ་ཡོད་པ་ཞིག་ཆགས་ཡོད། མ་འོངས་པར་གོང་གི་ཚན་རིག་ཟབ་སྦྱོང་རིམ་པར་ཞུགས་མཁན་གྱི་དགེ་འདུན་པ་དག་གི་གྲས་ནས་ཤེས་ཚད་མཐོ་བ་གྲངས་ ༣༠ ཙམ་འདམས་ཏེ་ལོ་ ༣ ནས་ ༥ བར་དགེ་རྒན་དང་། ཚན་རིག་ཤེས་བྱ་སྒྱུར་སྐྲུན་གྱི་ལས་གཞི་འདིར་རོགས་རམ་བྱེད་ཐུབ་མཁན་འཐོན་རྒྱུར་རེ་བ་རྒྱག་གིན་ཡོད།
༢. དྲི་བ། ད་ཆར་འཛམ་གླིང་ཡོངས་སུ་རགས་རྩིས་བྱས་ན་ནང་པར་དད་མོས་བྱེད་མཁན་ཅི་ཙམ་ཡོད་པ་དང་། དེ་དག་འཛམ་གླིང་ཤར་ནུབ་གང་ལ་གཏོགས་པ། ཡོངས་གྲགས་སུ་བོད་མི་ས་ཡ་དྲུག་ ༦༠༠༠༠༠༠ ཟེར་གྱིན་ཡོད་མོད། དེ་དག་ཚང་མ་ནང་པ་ཁོ་ན་མ་ཡིན་པར་ཁ་ཆེ་དང་ཡི་ཤུ། གནམ་བདག་ཆོས་ལུགས། ཏའོ་ལུགས། ཧིན་དྷི་ཆོས་ལུགས་སོགས་ལ་དད་མོས་བྱེད་མཁན་ཡང་ཡོད་སྟབས། བོད་རིགས་ནང་པས་རྒྱལ་སྤྱིའི་ནང་པ་ཡོངས་ཀྱི་བརྒྱ་ཆའི་ཅི་ཙམ་ཟིན་གྱིན་ཡོད་དམ།
ལན། སྤྱིར་འཛམ་གླིང་ཡོངས་སུ་ནང་ཆོས་ལ་དད་མོས་བྱེད་མཁན་དུ་ཡོད་བརྩི་རྒྱུ་ཧ་ཅང་ཁག་པོ་ཡིན་ལ། དེའི་ཐད་མཁས་པ་སོ་སོར་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད། ཁ་ཤས་ཀྱིས་ཉུང་མཐར་ས་ཡ་ཉིས་བརྒྱ་ཉི་ཤུ་ ༢༢༠༠༠༠༠༠༠ ཡོད་ཟེར་བ་དང་། ཁ་ཤས་ཀྱིས་མང་མཐར་ས་ཡ་ལྔ་བརྒྱ་ ༥༠༠༠༠༠༠༠༠ ཙམ་ཡོད་ཟེར། འོན་ཀྱང་མང་ཆེ་ཤོས་ཀྱིས་ད་ལྟ་འཛམ་གླིང་ན་ནང་པར་དད་མོས་བྱེད་མཁན་གྱི་མི་གྲངས་ས་ཡ་སུམ་བརྒྱ་བདུན་བཅུ་ ༣༧༠༠༠༠༠༠༠ ཙམ་ཡོད་ཟེར་བཞིན་ཡོད། བོད་ཀྱི་ལོ་རྒྱུས་དེབ་ཐེར་སོགས་སུ་བོད་མི་ས་ཡ་དྲུག་ཅེས་བྲིས་ཡོད་མོད། དེ་ནི་སྤྱི་ལོ་ ༡༠༤༠ ཡས་མས་སུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐབས་སུ་གསུངས་པ་ཞིག་རེད། དེ་ནས་བོད་མིའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ལ། སྤྱི་ལོ་ ༡༩༥༦ ནས་ ༡༩༧༠ བར་བོད་མིའི་གྲངས་འབོར་ལ་ཉམས་ཆག་ཆེན་པོ་བྱུང་ཡོད། ལྷག་པར་དུ་དེང་སྐབས་ཉིན་རེ་ལས་ཉིན་རེར་བོད་མིའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་སྟབས། ད་ལྟ་གོ་ལ་ཟླུམ་པོ་འདིའི་སྒང་བོད་མི་ས་ཡ་བཞི་ ༤༠༠༠༠༠༠ ཙམ་ལས་ལྷག་མེད་ལ། འཛམ་གླིང་གི་ནང་པ་ཡོངས་ཀྱི་བརྒྱ་ཆ་གཅིག་དང་གྲངས་ཆུང་ཀླད་གོར་དགུ་ ༡།༠༨ ཙམ་ལས་ཟིན་མེད། སྤྱིར་ནང་པར་དད་མོས་བྱེད་མཁན་ཨ་རི་དང་ཡུ་རོབ་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཚང་མའི་ནང་ཡོད་མོད། ཅུང་མང་ཤོས་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནང་ཡོད།
༣. དྲི་བ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ནང་པར་དད་མོས་བྱེད་མཁན་མང་ནའང་ལྷ་གསོལ་མཆོད་འབུལ་དང་སྐུ་བཞེངས་རྟེན་རྩིག ཆོས་འདོན་དགེ་སྒྲུབ། བླ་མ་གྲྭ་བར་བརྟན་བཞུགས་འདེགས་འབུལ་བྱེད་མཁན་མང་ཤོས་བོད་པ་གཙོ་བྱས་པའི་ཐའེ་ཝན་དང་སོག་པོ། ཀོ་རི་ཡ། འཇར་པན་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཉག་གཅིག་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ལྷ་གསོལ་མཆོད་འབུལ་དང། བླ་མ་གྲྭ་བར་བརྟན་བཞུགས་འདེགས་འབུལ་བྱེད་མཁན་མེད་པ་མ་རེད། འོན་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་མང་ཉུང་གི་དབང་དུ་བྱས་ན། ཤར་ཕྱོགས་མང་བ་དང་ནུབ་ཕྱོགས་ཉུང་བ་དངོས་ཡོད་རེད། ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་རུང་མེད་རུང་། སེམས་ནང་སོ་སོའི་ཕ་མེས་ནས་བརྒྱུད་པའི་མ་མཐོང་བ་མང་པོ། སངས་རྒྱས་དཀོན་མཆོག་ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག སྐྱེས་པ་སྔ་ཕྱི། ལས་རྒྱུ་འབྲས་སོགས་ཡོད་ཤག་གིས་ཡིད་ཆེས་བྱས་ཡོད། དེ་དང་འབྲེལ་ཏེ་ལྷ་སྐུ་རྟེན་བཞེངས་དང་བརྟན་བཞུགས་སོགས་ཆོ་ག་ཕྱག་ལེན་མང་པོ་ཞིག་གོམས་གཤིས་སུ་འཇགས་ཡོད། ནུབ་ཕྱོགས་པ་མང་ཆེ་བར་ཚན་རིག་གི་ཤན་ཤུགས་ཀྱིས་དངོས་སུ་མཐོང་རྒྱུ་མེད་ན་དེ་ཙམ་གྱི་ལག་ལེན་ཡང་མི་བསྟར།
༤ .དྲི་བ། དེང་སྐབས་ཆོས་ལུགས་པ་མང་པོ་ཞིག་གིས་རང་རང་གི་ཆོས་ལུགས་ལྟ་གྲུབ་ཚན་རིག་གི་ཚད་ཐུག་སྟེང་བཞག་སྟེ། ཆོས་ལུགས་དེ་ཚན་རིག་དང་མཐུན་ན་ཡང་དག་པ་དང་། ཚན་རིག་དང་མ་མཐུན་ཚེ་ཡང་དག་མིན་པའི་ཟོལ་གྱིས་ཆོས་ལུགས་དེ་ཡང་དག་ཡིན་མིན་ཚན་རིག་གིས་ཚུར་འཇལ་བཞིན་འདུག དེས་ན་ཚན་རིག་གི་ཚད་གཞིའི་མཐོ་དམན་ཆོས་ལུགས་ཀྱིས་ཕར་གཞལ་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། ང་ཚོར་སྔོན་ནས་འདི་ཚན་རིག་དང་མཐུན་པ་རེད་ཅེས་བཤད་སྲོལ་ཞིག་ཡོད། འོན་ཀྱང་ང་ཚོས་ནང་ཆོས་ཚན་རིག་ལ་ཕར་བསྟུན་ཏེ། ཚན་རིག་དང་མཐུན་ན་སྤུས་དག་པོ་འདུག་ཅེས་བཤད་ཀྱིན་ཡོད་པ་མ་རེད། སྤྱིར་ནང་ཆོས་དང་ཚན་རིག་གཉིས་ཀྱི་བློ་རྩེ་གཏོད་ཡུལ་ཅུང་མི་འདྲ། ཚན་རིག་གིས་འཇིག་རྟེན་འདིར་དངོས་སུ་མཐོང་རྒྱུ་ཐོས་རྒྱུ་ཡོད་པ། གྲངས་དང་ཚད་གཞལ་ཐུབ་པ་དག་ལ་ལྟ་བཞིན་ཡོད། མཐོང་ཐོས་དང་གྲངས། ཚད་རྒྱག་རྒྱུ་མེད་པ་སྐྱེ་པ་སྔ་ཕྱི་དང་ལས་རྒྱུ་འབྲས། ཐར་བ་དང་ཐམས་ཅད་མཁྱེན་པ་སོགས་ཁོང་ཚོའི་དཔྱོད་ཡུལ་མ་རེད། ཐར་བ་དང་ཐམས་ཅད་མཁྱེན་པ། གཏན་གྱི་བདེ་བ་སོགས་སངས་རྒྱས་ཀྱིས་བསྟན་ཡོད་ལ། ང་ཚོས་དེར་འབད་འབུངས་བྱེད་ཀྱིན་ཡོད། འོན་ཀྱང་དེ་ནི་བསམ་བློའི་སྟེང་ནས་ཡོང་དགོས་པ་ཞིག་ཡིན་སྟབས། ཆོས་ལུགས་པ་དང་ཚན་རིག་པ་གཉིས་ཀྱི་བློ་རྩེ་གཏོད་ཡུལ་མི་འདྲ་བ་ཆགས་ཡོད། དེ་བཞིན་གཞི་དངོས་པོའི་གནས་ལུགས་དང་། རྡུལ་ཕྲན་སོགས་དབང་བོའི་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་པ་མང་པོ་ཞིག་ཚན་རིག་གི་འཕྲུལ་ཆས་འདྲ་མིན་བརྒྱུད་དེ་རྙེད་ཅིང་། ང་ཚོའི་མིག་མདུན་ལ་དངོས་སུ་བསྟན་ཡོང་སྐབས། འདི་ཚན་རིག་དང་མཐུན་པ་རེད་ཅེས་སྦྱར་བཞིན་ཡོད་པ་ལས། ནང་ཆོས་སྤུས་དག་མིན་ཕར་ཚན་རིག་ལ་བསྟུན་དགོས་པ་དེ་འདྲ་མ་རེད།
༥. དྲི་བ། ནང་པའི་ཆེས་མཐོའི་དབུ་ཁྲིད་ཅིག་གིས། ནང་ཆོས་ལ་རིགས་མི་འདྲ་བ་གསུམ་ཡོད། དེ་དག་ནི་ནང་པའི་ལྟ་གྲུབ་ Buddhist philosophy ནང་པའི་ཚན་རིག་  Buddhist science  ནང་པའི་ཆོས་ལུགས་  Buddhist spirituality བཅས་ཡིན་སྟབས། དབྱིན་ཡིག་ནང་གི་ Religion ཞེས་པའི་ཚིག་དེ་ནང་ཆོས་ལ་སྤྱད་ན་མི་འགྲིག གལ་ཏེ་ནང་ཆོས་ལ་ Religion ཞེས་པའི་ཚིག་དེ་སྤྱད་པ་ཡིན་ན། དད་པ་བྱེད་ཡུལ་ཁོ་ན་ཙམ་དུ་གོ་འགྲོ་བ་རེད་ཅེས་གསུང་དོན་ཅི་ཡིན་ནམ།
ལན། སྤྱིར་རི་ལེ་གྷིལ་ཟེར་བའི་ལ་ཏན་གྱི་ཚིག་གཅིག་ཡོད་ལ། དེར་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་མཐུན་པ་ལྟ་བུའི་འགྲེལ་བཤད་ཅིག་ཀྱང་ཡོད། དེ་ལྟར་བྱས་ན་ནང་ཆོས་ལའང་ Religion ཞེས་འགྲིག་པ་ལྟ་བུ་དང་། ཡང་མང་པོ་ཞིག་གིས་ཆོས་ལུགས་ཀྱི་ཁྱད་ཆོས་གཙོ་བོ། དབང་བོའི་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་པའི་བྱ་དངོས་མང་པོ་ཞིག་ཡོད་པར་ཡིད་ཆེས་བྱེད་མཁན་ལ་འཇོག་བཞིན་འདུག ནང་ཆོས་ལ་ཁྱད་ཆོས་དེ་ཡང་གང་འཚམ་ཞིག་ཡོད། སྤྱིར་ Religion ཞེས་པའི་ཚིག་དེ་ནུབ་ཕྱོགས་ནས་དར་བ་རེད། ཁོང་ཚོས་བཤད་པའི་ Religion ཟེར་བ་དེ་གཙོ་བོ་འཇིག་རྟེན་སྣོད་བཅུད་ཡོངས་རྫོགས་དཀོན་མཆོག་གིས་བཟོས་པར་ཡིད་ཆེས་བྱེད་པའི་ལམ་ལུགས་སྲོལ་ཞིག་ལ་ཆོས་ལུགས་སམ་ Religion ཟེར་གྱིན་ཡོད་པས། དེ་ལྟར་བྱས་ན་ནང་ཆོས་ལ་ Religion ཞེས་ན་འགྲིག་གིན་ཡོད་པ་མ་རེད། ནང་ཆོས་ཀྱི་གཟི་བརྗིད་གཙོ་བོ་གཞི་དངོས་པོའི་སྟེང་ན་ཡོད། གཞི་དངོས་པོའི་གནས་ལུགས་དེ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཡིན། འོན་ཀྱང་ཚན་རིག་གིས་ནུས་པ་འདོན་ས་གཙོ་བོ་ཀུན་རྫོབ་བདེན་པ་ཙམ་དང་། དོན་དམ་བདེན་པའི་ཕྱོགས་ཆ་ཙམ་རེ་ལས་བརྒལ་ཐུབ་ཀྱིན་མེད། གཞན་ནང་པའི་ལྟ་གྲུབ་ Buddhist philosophy ཟེར་བ་ལམ་བགྲོད་པའི་རིམ་པ་དང་། ནང་པའི་ཚན་རིག་ Buddhist science ཟེར་བ་དེ་གཞི་དངོས་པོའི་གནས་ལུགས། ནང་པའི་ཆོས་ལུགས་ Buddhist spirituality ཟེར་བ་འབྲས་བུ་མངོན་དུ་བྱེད་པ།  སངས་རྒྱས་པ་དང་ཐར་བ་ཐོབ་རྒྱུ་ཡོད་པ་སོགས་རེད་སྙམ།
༦. དྲི་བ། རྒྱ་ནག་གི་ཚན་རིག་པ་གྲགས་ཆེན་དབྱིག་ཀྲི་པེའོ་ལགས་ཀྱི་ཚན་རིག་པ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞེས་པའི་ནང་། ངས་ཤེས་པའི་ཚན་རིག་གི་ཤེས་བྱ་ཕལ་མོ་ཆེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཟུར་མཆན་ལྟ་བུར་གྱུར་ཡོད་པས། ཚན་རིག་ནི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་སྲུང་ལྟ་བུར་གྱུར་ཡོད། སངས་རྒྱས་ཆོལ་ལུགས་ཀྱིས་ཚན་རིག་ལའང་སློབ་སྟོན་དང་དག་བཅོས་བྱེད་དགོས་པའི་ཕྱོགས་ཤིན་ཏུ་མང་ཞེས་བཤད་འདུག་པས། སངས་རྒྱས་ཆོས་ལུགས་ཀྱིས་ཚན་རིག་ལ་སློབ་སྟོན་དང་དག་བཅོས་བྱེད་དགོས་པའི་ཆ་དེ་གང་ལ་ངོས་འཛིན་བྱ་དགོས་སམ།
ལན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀྱི་དཔྱད་གཞི་དེར་བསམ་བློ་གཏོང་སྐབས། ཚན་རིག་པས་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་བའི་ཕྱིའི་དངོས་པོའི་འཇིག་རྟེན་གཙོ་བོར་བཟུང་སྟེ་བཤད་ཀྱིན་ཡོད་ལ། དེ་ཕྲ་རུ་སོང་སྟེ་ནང་སེམས་ཀྱི་ཐད་དུ་སླེབས་དུས། ཚན་རིག་གིས་འཕྲུལ་ཆས་ཤིག་ལ་བརྟེན་དགོས་སྟབས་ཚན་རིག་གི་དཔྱོད་ཡུལ་ལས་འགོངས་ཡོད། སྐབས་དེར་ནང་ཆོས་ཀྱི་གཞུང་དུ་གསུངས་ཡོད་པའི་སེམས་དང་སེམས་བྱུང་གི་གནས་ལུགས་དང་། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་ཞེས་པའི་བརྟག་དོན་ལ་བསྟེན་དགོས། ངས་སྔོན་མ་དེབ་ཅིག་གི་ནང་དུ། ཕྱི་རོལ་གཟུགས་ལ་དཔྱད་པ་བྱས་ཏེ་ཅི་ཙམ་གྱིས་གཟུགས་ཕྲ་མོའི་སྟེང་སླེབས་པ། དེ་ཙམ་གྱིས་ནང་སེམས་ལ་ཉེ་རུ་འགྲོ་བཞིན་ཡོད་ཟེར་བ་ཞིག་མཐོང་མྱོང་ཡོད། དེའི་རྐྱེན་གྱིས་དེང་སྐབས་ནུབ་ཕྱོགས་ཀྱི་ཚན་རིག་པ། ཀླད་པ་དང་སྲོག་གི་ཞིབ་འཇིག་པ་སོགས་ཀྱིས་ནང་པའི་ཆོས་ལུགས་པ་ཚོར་འབྲེལ་འདྲིས་བྱས་ཏེ། ནང་ཆོས་ལ་ཞིབ་འཇུག་དང་བགྲོ་གླེང་མང་པོ་བྱེད་བཞིན་ཡོད། ནང་སེམས་དེ་ནམ་མཁའ་ལྟ་བུ་ཞིག་ཡིན་ལ། ཚད་རྒྱག་ཐུབ་པ་དང་བརྟག་དོན་ལས་བསླ་བོར་རྙེད་ཐུབ་པ་ཞིག་མ་རེད་ལ། ཚན་རིག་གང་ནས་རྫོགས་པའི་མཚམས་དེ་ལ་ད་གཟོད་གཞི་ནས་ནང་ཆོས་གོ་ཐུབ་ཟེར་བའི་སྐད་ཆ་ཞིག་ཀྱང་ཡོད།
༧. དྲི་བ། ནང་པའི་ཆེས་མཐོའི་དབུ་ཁྲིད་ཅིག་གིས་ཆོས་མངོན་པ་མཛོད་ནང་གསུང་པའི་ཉི་ཟླ་གཟའ་འཛིན་དང་། རིའི་རྒྱལ་བོ་རི་རབ་སོགས་ནི་དུས་རབས་བདུན་པ་ཡས་མས་སུ་རྒྱ་གར་གྱི་མཁས་པ་དབྱིག་གཉེན་གྱིས་གསུངས་པ་རེད། ད་ལྟ་ཚན་རིག་གིས་བརྟག་དཔྱད་བྱས་ན་དེ་དག་རྙེད་དཀའ་བའི་གནས་སུ་གྱུར་ཡོད་སྟབས། ཁྱེད་ཅག་གིས་ང་རང་ལྟ་བ་ལོག་འདུག་དགོངས་སྲིད་ཀྱང་། གལ་ཏེ་སློབ་དཔོན་དབྱིག་གཉེན་ད་ལྟ་བཞུགས་ཡོད་ན། གཞུང་ལུགས་དེར་བསྐྱར་ཞིབ་ཅིག་བྱ་དགོས་ཀྱིན་འདུག་ཅེས་གསུང་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། དགོངས་གཞི་དེ་དང་སྐད་ཆ་དེ་དག་ཧ་ཅང་གི་རླབས་ཆེན་རེད་སྙམ། ཁོང་གིས་གསུང་པ་ལྟར་ཐ་མལ་བ་ང་ལྟ་བུས་ཀྱང་དེ་འདྲ་ཡང་ཡང་དྲན་མྱོང་། སྔོན་མའི་མཁས་པ་ཚོས་བྲིས་པའི་བརྩམས་ཆོས་ཚང་མ་རྩ་བ་ནས་ནོར་འཁྲུལ་མེད་ཅེས་སུས་ཀྱང་བཤད་མི་ཐུབ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ངའི་གསུང་ལ་བརྟག་དཔྱད་བྱོས་གསུངས་ཡོད། བརྟག་དཔྱད་མ་བཏང་བར་འདི་ངའི་བླ་མ་ཡིན་པས་གསུང་བདེན་པ་ཡིན། ཁོང་སྐད་གྲགས་ཆེན་པོ་ཡིན་པས་གསུང་བདེན་པ་ཡིན་ཟེར་ན་མི་འགྲིག དོན་དངོས་ཐོག་མཁས་པ་ཡིན་པར་ཆ་ཞོག སྐྱེ་བུ་རྩ་ཆེན་ཡང་ཡིན་པར་ཆ་ཞོག འོན་ཀྱང་ཡུལ་དུས་གནས་བབ་དང་མཁྱེན་རྒྱ་ཆེ་ཆུང་། དུས་དང་སྐབས་སུ་འགྲེལ་བཤད་རྒྱག་སྟངས་སོགས་ལ་འདྲ་མིན་ཅི་རིགས་ཡོང་སྲིད་པ་རེད། དེར་བརྟེན་བྱ་དངོས་གང་ཞིག་ཡིན་རུང་མི་སོ་སོའི་རྣམ་དཔྱོད་རྩལ་སྤྲུག་གིས་བརྟག་དཔྱད་ནན་ཏན་བྱས་ཤིང་། རྒྱུ་མཚན་ངོ་མ་གང་ཡིན་ཤེས་པར་བྱས་ཏེ་དངོས་ཡོད་གནས་ཚུལ་གྱི་སྟེང་ལ་ཁ་གྲགས་ཐུབ་མཁན་ཞིག་ཡིན་དགོས་ལ། སངས་རྒྱས་ཀྱིས་ཀྱང་མཐར་གཏུགས་ན་མངོན་སུམ་ཚད་མའི་སྟེང་ལ་འབབ་དགོས་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese