དྲི་བ། ད་ལོ་བོད་ནས་གསར་དུ་འབྱོར་བ་ག་ཚོད་ཡོད་པ་དང༌། དེ་དག་སློབ་གྲྭ་དང༌། གྲྭ་ས་ཁག དེ་བཞིན་གནས་འཇལ་དང་གཉེན་འཕྲད་སོགས་སུ་ཡོང་བའི་གནས་སྟངས་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། སྤྱི་ལོ་༢༠༠༧ཟླ་༡ནས་ཟླ་༡༢ཚེས་༣༡བར་བོད་ནས་གསར་དུ་འབྱོར་མཁན་གྲངས་༢༣༣༠ལྷག་ཙམ་འདུག། བོད་ནས་གསར་དུ་འབྱོར་བའི་གྲངས་འབོར་ལོ་སྔོན་མ་དང་བསྡུར་ན་ཅུང་ཉུང་དུ་ཕྱིན་འདུག། གང་ཡི་ཟེར་ན། སྔོན་མ་བོད་ནས་གསར་དུ་འབྱོར་མཁན་ཚོ་ཤར་གམ་པོ་བརྒྱུད་ནས་ཡོང་གིན་ཡོད་ཀྱང༌། ད་ལོ་མང་པོ་ཞིག་འགྲམ་བརྒྱུད་ནས་ཡོང་གིན་འདུག། དེ་ནི་ཉིས་སྟོང་བརྒྱད་ལོའི་པེ་ཅིན་ཨོ་ལིམ་པིག་གི་རྩེད་འགྲན་ལ་ཐུག་གིན་ཡོད་སྟབས། རྒྱ་གཞུང་གིས་དམག་མི་མང་པོ་མཐའ་མཚམས་ཁག་སྲུང་བར་བཏང་ཡོད་འདུག། འོན་ཀྱང་སློབ་གྲྭ་དང་གྲྭ་ས། བོད་དུ་ཕྱིར་ལོག་བྱེད་པ་སོགས་ཀྱི་གྲངས་ཐོ་ད་དུང་འདིར་འབྱོར་མ་སོང་བས་ཞུ་ཐུབ་ཀྱིན་མི་འདུག་མོད། སྤྱི་ལོ་༢༠༠༦ཟླ་༤བའི་ཚེས་༡ནས་༢༠༠༧འོ་ཟིལ་༣ ་ཚེས་༣༡ བར་གྱི་གྲངས་ཐོ་དེ་ལས་སྡོམ་ནང་གསལ་བ་ལྟར་རེད་ཟེར། ལས་སྡོམ་དེའི་ནང་རིས་མེད་དགོན་སྡེ་ཁག་ལ་སོང་བ་༧༢། རྡ་ས་བོད་ཁྱིམ་ཁོངས་༢༡༥། སུ་ཇ་བོད་ཁྱིམ་ཁོངས་༤༥༨། ཤེས་རབ་དགའ་ཚལ་གླིང་དུ་༥༤༠། རྡ་ས་རྒན་གསོ་ཁང་དུ་༣། རང་འཚོ་བྱེད་མཁན་༡༡༠། ཕྱི་སྐྱོད་བྱེད་མཁན་༨། ཕྱིར་བོད་དུ་ལོག་མཁན་༡༡༥། སློབ་ལོ་མ་སོན་པ་༣༠། སློབ་ཞུགས་ལས་སླར་ཡང་གྲྭ་སར་སོང་བ་༡༩༣བཅས་བཀོད་འདུག།
དྲི་བ། བོད་ནས་གསར་དུ་འབྱོར་བ་ཁ་ཤས་ཀྱིས་སྣེ་ལེན་ཁང་རིམ་པ་དང༌། ལྷག་པར་དུ་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་རེ་ཟུང་གི་སྤྱོད་པ་ཅུང་རྩུབ་པོ་འདུག་ཟེར་བས། དེའི་ཐད་འདི་གའི་དབུས་སྣེ་ལེན་ཁང་གིས་སྟངས་འཛིན་ལམ་སྟོན་གང་འདྲ་ཡོད་དམ། དབུས་སྣེ་ལེན་ཁང་གི་འོག་ཏུ་བལ་ཡུལ་དང་ལྡི་ལི་བཅས་ཡན་ལག་ཁང་གཉིས་ཡོད། འོན་ཀྱང་ད་བར་བོད་ནས་གསར་དུ་འབྱོར་མཁན་ཚོས་བལ་ཡུལ་སྣེ་ལེན་ཁང་གི་བྱེད་སྟངས་འགྲིག་མ་སོང་ཟེར་མཁན་བྱུང་མ་སོང༌། གལ་ཏེ་དེ་འདྲ་ཡོད་པ་ཡིན་ན་ཐད་ཀར་ང་ཚོར་བཤད་པ་ཡིན་ན། ང་ཚོས་ཞིབ་འཇུག་བྱས་ཏེ་མ་འོངས་པར་ཡར་རྒྱས་གཏོང་བར་ཕན་ཐོགས་ཡོད་པ་རེད། རྩ་བས་ཉེ་ཆར་ང་ཚོ་འགན་འཛིན་ལྷན་ཚོགས་ཀྱིས་ཚོགས་འདུ་བསྡུ་ཏེ། བོད་ནས་གསར་དུ་འབྱོར་བ་རྣམས་ལ་གང་ཐུབ་ཅི་ཐུབ་ཀྱིས་སྣེ་ལེན་ཡག་པོ་དང༌། བྱམས་པོ་ཞུ་དགོས་པའི་གྲོས་ཆོད་ཁ་ཤས་བཞག་ཡོད་པ་ལ། དེ་དག་སྣེ་ལེན་ཁང་རིམ་པའི་ལས་བྱེད་ཚོས་ངེས་པར་ལག་བསྟར་བྱ་དགོས་ཞེས་བཀོད་ཁྱབ་ནན་པོ་གནང་ཡོད་པ་རེད། སྤྱིར་སྒྲིག་འཛུགས་ཤིག་གི་ནང་འདུག་དགོས་པ་ཡིན་ན། སྒྲིག་གཞི་དེས་གནོན་ཐུབ་པ་ཞིག་ཡིན་དགོས།
དྲི་བ། ལོ་འདི་འགར་བོད་ནས་གསར་དུ་འབྱོར་རིགས་ལ་བལ་ཡུལ་ནས་རྒྱ་གར་གཞུང་ཚབ་ཁང་གིས་དམིགས་བསལ་ལག་ཁྱེར་ཅིག་སྤྲོད་ཀྱིན་ཡོད་ལ། སྐྱབས་བཅོལ་བ་དང་རྒྱ་གར་ནས་སྡོད་མཁན་ཡིན་ནའང་ལག་ཁྱེར་RC བཟོ་རྒྱུར་དཀའ་ངལ་འཕྲད་བཞིན་འདུག་པ་སྣེ་ལེན་ལས་བྱེད་ཚོས་འགྲེལ་བཤད་གསལ་བོར་མ་བྱུང་བ་རེད་དམ་རྒྱུ་རྐྱེན་གཞན་ཡོད་པ་རེད།
ལན། ང་ཚོའི་ངོས་ནས་སྐབས་དེར་བོད་ནས་གསར་དུ་འབྱོར་བ་ཚོར་ཁྱེད་རང་ཚོ་གནས་སྐོར་བ་ཡིན་ནམ། སློབ་གྲྭ་བ་ཡིན། ཡང་ན་རྒྱ་གར་ནང་གཏན་སྡོད་བྱེད་མཁན་ཡིན་ཞེས་དྲི་བ་བཏོན་ཡོད། འོན་ཀྱང་རྒྱ་གར་གཞུང་ཚབ་ལ་ཞུ་སྐབས་ཁག་ཅིག་ལ་ངོས་ལེན་བྱེད་ཀྱིན་མི་འདུག། ཐོག་མར་རྒྱ་གར་གཞུང་ཚབ་ནས་སྐྱབས་བཅོལ་བ་ཟེར་བའི་དུས་ཚོད་མེད་པ་ཞིག་སྤྲད་འདུག། དེ་ཚོ་རྒྱ་གར་ནང་ག་ཚོད་བསྡད་ནའང་འགྲིག་གི་རེད། ཕྱིས་སུ་རིམ་གྱིས་རྒྱ་གར་གཞུང་གིས་ཇེ་དམ་དུ་བཏང་སྟེ། ད་ལྟ་གནས་སྐོར་དང༌། ཤེས་ཡོན། གཞན་བཅས་རིགས་གསུམ་ཕྱེས་ཏེ། ཤེས་ཡོན་ལ་དུས་ཡུན་ལོ་༡དང༌། གནས་སྐོར་ལ་ཟླ་༡། གཞན་ཟེར་བ་དེར་ཟླ་༦བཅས་དུས་ཚོད་གཏན་འཁེལ་བྱས་ཏེ། དུས་ཚོད་རྫོགས་མཚམས་ས་གནས་སོ་སོ་ནས་དུས་ཚོད་འཕར་འགྱངས་ཞུ་དགོས་ཟེར་ཀྱང༌། ད་ལྟ་ཁོ་ཚོས་སྐད་ཆ་དེ་ལག་བསྟར་བྱེད་ཀྱིན་མི་འདུག།
དྲི་བ། སྔོན་མ་བོད་ནས་གསར་དུ་འབྱོར་རིགས་བཙུན་མ་རྣམས་ལ་འགྲོ་ཡུལ་ངེས་གཏན་མེད་པར་ཤེས་རབ་དགའ་ཚལ་སློབ་གླིང་དང༌། སུ་ཇ་སློབ་གྲྭ་སོགས་སུ་གཏོང་བཞིན་ཡོད་སྟབས། སློབ་གྲྭ་དེ་དག་གི་སྒྲིག་གཞི་སོགས་གནས་སྟངས་མང་པོ་ཞིག་གི་འོག་ནས་བཙུན་མ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་རབས་འདུག་པས་ད་ལྟའི་ཆར་གང་འདྲ་ཡོད་དམ།
ལན། ད་ལྟ་དཀའ་ངལ་དེ་རང་འཇགས་རེད། སྤྱིར་རྒྱ་གར་ནང་བཙུན་དགོན་ཧ་ཅང་ཉུང་ཉུང་ཡིན་ལ། ཡོད་པ་དེ་དག་ལའང་བཞུགས་སའི་དཀའ་ངལ་འཕྲད་བཞིན་འདུག། དེར་བརྟེན་ང་ཚོས་བཀའ་ཤག་ལ་བཏང་སྟེ། ཤེས་ཡོན་ཅུང་རེ་སྤྱང་མཐར་རིན་པས་བཙུན་དགོན་ཁག་ལ་ཡིག་ཚད་ཀྱི་ལམ་ནས་འཛུལ་ཞུགས་བྱེད་ཐུབ་པ་ཡིན་ན་གོ་སྐབས་ཤིག་རེད། དེ་བཞིན་བཙུན་མ་ཁོང་ཚོ་ལའང་བཙུན་དགོན་གང་རུང་ལ་ཡིག་ཚད་མ་འཕྲོད་པར་སློབ་གྲྭ་ནས་ཕྱིར་འཐོན་མ་བྱེད་རོགས་ཞེས་ཞུ་བཞིན་ཡོད། འོན་ཀྱང་དེ་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་ཙམ་རེད། སློབ་གྲྭའི་སྒྲིག་གཞིའི་དཀའ་ངལ་དེ་ཚོ་ཆོས་དོན་ལས་ཁུངས་དང་ཤེས་རིག་སོགས་སུ་གྲོས་བསྡུར་བྱས་ན་སེལ་ཐུབ་པ་རེད། འོན་ཀྱང་བཙུན་མའི་གནས་སྟངས་དེ་ང་ཚོའི་ངོས་ནས་དཀའ་ངལ་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད།
དྲི་བ། ཉེ་ཆར་གསར་འབྱོར་བའི་ཁྲོད་དོལ་རྒྱལ་བསྟེན་མཁན་ཁག་ཅིག་འདི་ག་སྣེ་ལེན་ཁང་ནས་ཕྱིར་འཕུད་བྱེད་དགོས་བྱུང་ཡོད་པས། དེ་ཚོ་བོད་ནང་གི་ས་ཁུལ་གང་དག་ནས་ཡིན་པ་དང༌། ཁོང་ཚོ་གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཕྱིར་འཕུད་བྱེད་དགོས་བྱུང་བ་རེད་དམ།
ལན། ༢༠༠༦ལོར་དགེ་ལུགས་ཡོངས་རྫོགས་ཀྱིས་ཚོགས་འདུ་ཤིག་འཚོགས་ཏེ་དོལ་རྒྱལ་བསྟེན་མཁན་ཚོ་གདན་ས་ཁག་དུ་འཇུག་རྒྱུ་མིན་པའི་གྲོས་ཆོད་བཞག་ཡོད་ལ། གནས་ཚུལ་དེའི་སྐོར་ལོ་སྔོན་མར་ཕྱི་དྲིལ་ལས་ཁུངས་ནས་གསལ་བསྒྲགས་ཆ་ཚང་ཞིག་ཀྱང་བྱས་ཡོད་པ་རེད། བཀའ་ཤག་གིས་ང་ཚོར་དོལ་རྒྱལ་བསྟེན་མཁན་ཚོར་སློབ་གསོ་བཏང་སྟེ་མུ་མཐུད་ཁོང་ཚོས་དོལ་རྒྱལ་བསྟེན་པ་ཡིན་ན། ཆོས་ཞུགས་བྱས་ཆོག་གི་མ་རེད། འོན་ཀྱང་སློབ་གྲྭར་གཏོང་ཆོག་གི་རེད་ཅེས་བཀའ་གནང་ཡོད། དེར་བརྟེན་ད་ལོ་མི་༡༧ཞིག་ཕེབས་པ་ལས་མི་༡སློབ་གྲྭར་ཕྱིན་སོང༌། དེའི་རྗེས་མི་༣དང༌། ཉེ་ཆར་ཡང་མི་༢བཅས་ཁག་གསུམ་སླེབས་སོང༌། དེ་དག་མང་ཆེ་བ་ཁམས་རྒྱལ་ཐང་དང༌། ཆ་ཕྲེང་ནས་རེད། གྲྭ་སར་འགྲོ་བར་ང་ཚོས་ངོ་སྤྱོར་སྤྲོད་ཐུབ་ཀྱི་མ་རེད། དེ་བས་ཁྱེད་རང་ཚོ་སློབ་གྲྭར་ཕེབས་ན་ཡག་པོ་ཡོད་ང་རེད་ཅེས་ཞུས་པ་ཡིན། འོན་ཀྱང་ཁོང་ཚོ་སློང་གྲྭར་འགྲོ་འདོད་མེད་པར་ཟླ་ཁ་ཤས་བསྡད་རྗེས། ཧི་མ་ཅལ་མངའ་སྡེ་ནས་ཁྲིམས་བཤེར་བྱས་ཏེ། ༧སྐུ་མདུན་གྱི་སྐུ་ཕྱཱ་དང་གང་ཅིའི་ཐད་ནས་ཁོང་ཚོ་དུས་བཅད་ལྟར་ཕྱིར་འཕུད་བྱེད་དགོས་བྱུང་ཡོད་པ་རེད།
དྲི་བ། ༢༠༠༧ལོའི་སྣེ་ལེན་ཁང་གི་ལས་སྡོམ་ནང་བོད་ནས་ཕེབས་པ་གྲངས་༡༡༠ཙམ་ཞིག་སློབ་གྲྭ་དང་གྲྭ་ས་སོགས་ལ་མ་ཕྱིན་པར་རྒྱ་གར་ནང་རང་འཚོ་བྱས་ནས་བསྡད་ཡོད་ཅེས་བཀོད་འདུག་ལ། དེ་བཞིན་སློབ་ལོ་མ་སོན་པ་༣༠ཙམ་ཡོད་རབས་འདུག་པ་དེ་ཚོའི་གནས་སྟངས་གང་འདྲ་ཡོད་དམ།
ལན། དེ་དག་རྒྱ་གར་ནང་བཞུགས་མཁན་ཁྲོད་ཀྱི་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད། ཁོང་ཚོ་བོད་ནས་འབྱོར་མཁན་ལོ་༣༠ཡན་ནས་༦༥བར་ཅན་དག་རེད། བོད་གཞུང་གི་གཏན་འབེབས་ལྟར། ལོ་༦ནས་༡༣བར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང༌། མཱ་སུ་རི་བོད་ཁྱིམ་སློབ་གྲྭ། ལོ་༡༤ནས་༡༧བར་སུ་ཇ་སློབ་གྲྭ ལོ་༡༨ནས་༣༠བར་ཤེས་རབ་དགའ་ཚལ་སློབ་གླིང༌། ལོ་༦༥ལས་བརྒལ་རིགས་རྒན་གསོ་ཁང་བཅས་སུ་གཏོང་བཞིན་ཡོད་པ་དང༌། གྲྭ་ས་ཁག་ལ་ལོ་ཚད་ཡོད་པ་མ་རེད། འོན་ཀྱང་ལོ༣༠ནས་༦༥བར་གྱི་མི་ཁག་ཅིག་ལ་དམིགས་བསལ་འགྲོ་ས་མེད་སྟབས། དེ་དག་ལས་དངུལ་ཅུང་ཡོད་མཁན་ཚོས་ཚོང་ལས་ལ་བརྟེན་ཡོད། ཆེས་སྐྱོ་བོའི་རིགས་ཁ་ཤས་འདི་ག་སྣེ་ལེན་ཁང་དུ་ད་ལྟའང་ཉར་དགོས་བྱུང་ཡོད། དེའི་ནང་གི་སློབ་ལོ་མ་སོན་པ་ཟེར་བ་དེ་ལོ་༦མ་ཟིན་པ་ཁག་ཅིག་རེད། འོན་ཀྱང་དེ་ཚོར་བུ་གསོ་ཁང་ནས་ཟླ་རེར་སྒོར་༨༠༠རེ་སྤྲོད་བཞིན་ཡོད་པ་རེད།
དྲི་བ། སློབ་གྲྭ་དང་གྲྭ་ས་ཁག་ནས་ཕྱིར་བོད་དུ་ལོག་མཁན་རེ་ཟུང་རྒྱ་གར་དང་བལ་བོའི་ས་མཚམས་ཁག་ནས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག་པས། འདི་ག་སྣེ་ལེན་ཁང་གིས་དེ་མཁྱེན་རྟོགས་ཡོད་མེད་དང༌། བོད་དུ་ཕྱིར་ལོག་བྱེདམཁན་ཚོར་མཐུན་འགྱུར་རོགས་རམ་གང་འདྲ་ཡོད་དམ།
ལན། ལམ་བར་ནས་འཛིན་བཟུངབྱས་ཡོད་པའི་གནས་ཚུལ་དེ་འདྲ་ད་བར་གོ་མ་སོང༌། སྔོན་མ་༢༠༠༣བར་དམིགས་བསལ་ལག་ཁྱེར་ཅིག་ཡོད་པས་དཀའ་ངལ་གང་ཡང་ཡོད་པ་མ་རེད། རྗེས་སུ་ཡོང་མཁན་དེ་ཚོར་བལ་ཡུལ་སྣེ་ལེན་ནས་རྒྱལ་སྤྱིའི་ལག་ཁྱེར་ཅིག་སྤྲོད་བཞིན་ཡོད་པ་རེད། བོད་དུ་ཕྱིར་ལོག་བྱེད་མཁན་རིགས་ལ་ལག་ཁྱེར་དེ་ཡོད་ན་བལ་ཡུལ་སྣེ་ལེན་ཁང་ནས་ཟླ་༡རིང་བསྡད་ཆོག་གིན་ཡོད་པ་རེད། མི་མང་པོ་ཞིག་གིས་དེ་ཧ་མ་གོ་བར་སྐུ་ངལ་འཕྲད་བཞིན་ཡོད་ཚོད་འདུག།
དྲི་བ། རྒྱ་གཞུང་གིས་བོད་མི་གཉེན་འཕྲད་དུ་ཡོད་མཁན་དང་གནས་མཇལ་དུ་ཡོང་མཁན་རིགས་ལ་ལག་འཁྱེར་སྤྲོད་སྟངས་ཐད་འགྱུར་བ་སོང་ཡོད་མེད་དང༌། ༢༠༠༦ལོའི་ནང་པ་ལའི་དོན་རྐྱེན་རྗེས་སུ་བལ་བོདག་ས་མཚམས་ཁག་ནས་དེ་འདྲའི་གནས་ཚུལ་བྱུང་ཡོད་དམ།
ལན། རྒྱ་གཞུང་གིས་བོད་མི་ཚོར་ཕྱིར་སྐྱོད་ལག་འཁྱེར་སྤྲོད་ཕྱོགས་ཐད་སྔར་ལས་དམ་དྲག་ཤུགས་ཆེ་རུ་ཕྱིན་འདུག་ལ། ལྷག་པར་དུ་ལི་ཐང་སོགས་ས་ཁུལ་མང་པོ་ཞིག་གི་ནང་སྔར་ཞུས་ཟིན་པའི་དུས་ཡུན་ལོ་ལྔ་ཅན་གྱི་ལག་འཁྱེར་སྟེང་ནས་ཡོང་གིན་ཡོད་པ་ལས། ལག་འཁྱེར་གསར་དུ་རག་རྒྱུ་ཤིན་ཏུ་ཁག་པོ་ཡོད་ཚོད་འདུག་དེ་བཞིན་ས་མཚམས་ཁག་ཏུ་ཡང་དམ་དྲག་ཤུགས་ཆེ་རུ་སོང་སྟེ། ཉེ་སྔོན་ཡང་བསྐྱར་རྒྱ་མིའི་མཐའ་སྲུང་དམག་གིས་བོད་པ་བསྐྱལ་བཅོལ་བར་མེ་མདའ་བརྒྱབས་པའི་གནས་ཚུལ་ཞིག་བྱུང་འདུག་ལ། དེའི་ཁྲོད་མི་མང་པོ་ཞིག་འཇུ་བཟུང་གིས་ཕྱིར་ཁྲིད་ཡོད་པ་རེད། དེ་ཚོའི་གནས་སྟངས་ད་ལྟའི་ཆར་གསལ་བོ་གང་ཡང་བྱུང་མ་སོང༌།
དྲི་བ། གོ་ཐོས་སུ་དབུས་སྣེ་ལེན་ཁང་འདི་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འགྲམ་ཞིག་ཏུ་སྤོ་འཆར་ཡོད་པ་མ་ཟད། འཛུགས་སྐྲུན་ལས་གཞི་དངོས་སུ་མགོ་འཛུགས་བྱས་ཡོད་པ་རེད་ཟེར།
ལན། བདེན་པ་རེད། དེར་ལས་ཁུངས་དང༌། ལས་ཤག། དེ་བཞིན་བོད་ནས་གསར་དུ་འབྱོར་བ་དག་གི་ཕོ་ལ་ཉལ་ཁང་ཞིག་དང་མོ་ལ་ཉལ་ཁང་ཞིག་བཅས་འཛུགས་སྐྲུན་བྱ་འཆར་ཡོད་པ་རེད། བཀའ་ཤག་གི་གསལ་བསྒྲགས་བཞིན། ད་ལོའི་སྤྱི་ཟླ་དང་པོའི་ཚེས་༨བར་སྐུ་མདུན་གྱི་སྐུ་བགེགས་ཡིན་སྟབས། ལས་གཞི་དེ་ཉེ་སྔོན་ཕྱི་ཚེས་༩ཉིན་གཞིན་ནས་ལས་གཞི་མགོ་འཛུགས་ཀྱིས་ལས་གཞི་ད་ལྟ་འགྲོ་བཞིན་པ་ཡིན། སྤྱིར་ལོ་གསུམ་གྱི་སྔོན་ནས་བཟུང་འཆར་གཞི་བཏིང་ཡོད་ནའང༌། ས་ཉོ་བར་བཀའ་འཁྲོལ་རག་རྒྱུ་དང་ ། འཛུགས་སྐྲུན་མ་དངུལ་ཐབས་འཚོལ་བྱེད་པ་སོགས་ཀྱིས་དུས་ཚོད་རྒྱུན་རིང་ཞིག་འགོར་སོང་བ་རེད། ད་ལྟ་མ་དངུལ་རག་ཡོད་ལ་ལས་གཞི་དེ་ལོ་གཉིས་ཀྱི་འཆར་གཞི་རེད། ཕྱག་དངུལ་སོགས་ཀྱི་དལ་འགོར་མ་བྱས་པ་ཡིན་ན༢༠༡༠ཡས་མས་ཤིག་ལ་ལས་གཞི་ཡོངས་སུ་ལེགས་འགྲུབ་འབྱུང་ཐུབ་ཀྱིན་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།