ལོ་འདིའི་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་ཡིན་པ་དང༌། ཧྥ་རན་སི་རྒྱལ་ས་ཕེ་རེ་སི་རུ་རྟེན་གཞི་བྱས་ཡོད་པའི་འཛམ་གླིང་ཚགས་པར་མཐུན་ཚོགས་ནས་བཙན་བྱོལ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་གསར་འགོད་རང་དབང་གི་གལ་ཆེ་རང་བཞིན་སྐོར་ལ་དམིགས་བསལ་བཅར་འདྲི་བྱས་ཡོད་པ་རེད།
དྲི་བ། འཛམ་གླིང་རྒྱལ་ཁབ་སོ་སོའི་བོད་ཀྱི་གནད་དོན་ཤེས་རྟོགས་དང་དོ་སྣང་ཡོང་བའི་ཐད་དུ་རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་གྱིས་ནུས་བ་ཅི་འདྲ་ཞིག་ཐོན་ཡོད་དམ།
ལན། ངས་བསམ་པར་གསར་འགོད་བརྒྱུད་ལམ་གྱིས་ནུས་བ་ཆེན་པོ་ཐོན་ཡོད་པ་རེད། དང་པོ། ཚང་མའི་ཤེས་གསལ་ལྟར་བོད་ཀྱི་གནད་དོན་ནི་ཀུན་སྤྱོད་ཀྱི་གནད་དོན་ཞིག་རེད། གཉིས་བ། བོད་དེ་སྔོན་ཆད་ཕྱི་ལོགས་སུ་འབྲེལ་བ་མེད་པའི་རྒྱལ་ཁབ་ཞིག་ཡིན་པ་དང༌། ཕྱི་ལོགས་ནས་ང་ཚོ་ཤེས་རྟོགས་མཁན་ཤིན་ཏུ་ཉུང༌། ངས་བསམ་པར་ཁོང་ཚོས་ཕལ་ཆེར་བོད་དེ་མཐོ་སྒང་གི་ས་ཁུལ་ཞིག་དང༌། དེང་རབས་ཅན་མིན་པའི་རྒྱལ་ཁབ་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་རེད། གསུམ་པ། རྒྱ་ནག་སྲིད་གཞུང་གིས་བོད་སྐོར་གྱི་བརྗོད་ཚུལ་དེར་ཆབ་སྲིད་ཀྱི་ཤན་ཞུགས་ཡོད་པས་བདེན་པ་རང་མ་རེད། དེར་བརྟེན། ངས་བསམ་པར་གནས་ཚུལ་བརྒྱུད་ལམ་རང་དབང་ལྡན་པ་ཡོད་ཚེ་ཕྱི་ལོགས་ཀྱིས་བོད་སྐོར་ཤེས་རྟོགས་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེ་བ་རེད།
དྲི་བ། དེང་གི་འཛམ་གླིང་འདིར་གསར་འགོད་བརྒྱུད་ལམ་གྱིས་ཞི་བདེ་ཡོང་བར་སྐུལ་འདེད་དང་འཁོན་འཛིང་ཞི་བར་བྱེད་པར་བྱས་རྗེས་ཅི་ལྟར་འཇོག་དགོས་སམ།
ལན། ངས་བསམ་པར་འདི་ཚོའི་ཐད་གསར་འགོད་བརྒྱུད་ལམ་གྱིས་ནུས་བ་ཆེན་པོ་ཐོན་ངེས་རེད། དེང་སྐབས་བརྡ་འཕྲིན་ཡར་རྒྱས་ཆེ་བས་ས་ཁུལ་ཅིག་ནས་གནས་ཚུལ་བྱུང་ཚེ་ལམ་སེང་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་ཀྱི་ཡོད་པ་རེད། ལྷག་པར་ཏུ་དཔལ་འབྱོར་དང༌། ཁོར་ཡུག འཕྲོད་བསྟེན་གྱི་གནས་ཚུལ་དཔེར་ན་སར་སི་དང་སྲིད་འབུ་འཁྲུག་པའི་ན་ཚ་རིགས་ནི་རྒྱལ་ཁབ་ཚང་མའི་དོ་སྣང་བྱེད་ཡུལ་རེད། ས་ཁུལ་ཐག་རིང་པོ་ཡིན་ན་ཡང་དོན་རྐྱེན་འདི་རིགས་བྱུང་ཚེ་ཉེན་ཁ་གང་སར་ཁྱབ་ངེས་བས་འདི་ནི་དེ་རིང་གི་གནས་སྟངས་རེད། དེར་བརྟེན་རྒྱལ་ཁབ་ཚང་མའི་ཕན་ཚུན་གྱི་གསར་འགྱུར་ཤེས་དགོས་བ་རེད། འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་ཤེས་བྱ་དང་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་ཡང༌། འགྲོ་བ་མིའི་ཐོབ་ཐང་དེ་འཇིག་རྟེན་གྱིས་ངོས་ལེན་བྱས་པའི་རིན་ཐང་ཞིག་ཏུ་གྱུར་ཡོད་པ་རེད། ང་ཚོས་བསམ་པར་སོ་སོའི་རིག་གཞུང་ཉར་ཚགས་བྱེད་རྒྱུ་ནི་ཐོབ་ཐང་ཞིག་ཡིན་པ་དང་དེ་ནི་སྲོལ་རྒྱུན་ཕུན་སུམ་ཚོགས་པ་ལྡན་པའི་མི་རིགས་ཤིག་ལ་མཚོན་ན་ཤིན་ཏུ་གལ་ཆེན་པོ་རེད། དེ་ལས་གཞན་མི་རིགས་རང་ཐག་རང་གཅོད་ཀྱང་འཇིག་རྟེན་གྱིས་ངོས་ལེན་བྱས་བའི་ཐོབ་ཐང་ཞིག་རེད། གནས་ཚུལ་འདི་ཚོ་བལྟས་ཚེ་ངས་བསམ་པར་གསར་འགོད་བརྒྱུད་ལམ་གྱི་ནུས་བ་དེ་གལ་ཆེན་པོ་མཐོང་གི་འདུག
དེ་ནས་དམངས་གཙོ་ལམ་ལུགས་ལ་བལྟས་ན། ལམ་ལུགས་འདི་ལ་ཞན་ཆ་ཡོད་ན་ཡང་ཆེས་ལེགས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་རེད། མི་མང་གིས་སྤྱི་ཚོགས་ཀྱི་སྲིད་ཇུས་དང་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། གསར་འགོད་བརྒྱུད་ལམ་གྱིས་རང་དབང་དང་དམངས་གཙོ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཡིན་ན་ཡང་ངས་རྟག་པར་གསར་འགོད་གྲོགས་པོ་ཚོ་དང་གླེང་མོལ་སྐབས་བརྗོད་བཞིན་པ་ནི་གསར་འགོད་པས་ནམ་ཡང་ཐན་སྐྱོན་དང་གོད་ཆག་བྱུང་བ་སོགས་ལྡོག་ཕྱོགས་ཀྱི་གསར་འགྱུར་འགོད་ཀྱི་ཡོད་པ་དང༌། ཚང་མའི་གསར་འགྱུར་འདི་རིགས་ལ་དོ་སྣང་བྱེད་ཀྱི་ཡོད་པ་ལས་མིའི་རིགས་ཀྱི་རིན་ཐང་མཚོན་པའི་བྱ་བར་དོ་སྣང་བྱེད་ཀྱི་མེད་པ་རེད། དཔེར་ན་ལྡི་ལི་དང༌། ཉིའུ་ཡོག ཕེ་རེ་སི། མོ་སི་ཁོ་བཅས་སུ་གནས་ཚུལ་ཚབས་ཆེ་བྱུང་ཚེ་གསར་འགོད་པ་ཚོས་དེ་ནི་གསར་འགྱུར་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཡིན་ན་ཡང་བརྗེད་མི་རུང་བ་ཞིག་ནི་ཉིན་ལྟར་ཚོགས་པ་ཁག་དང་མི་སྣ་མང་པོ་ཞིག་གིས་བྱིས་པ་ཁྲི་ཕྲག་མང་པོ་སྙོར་སྐྱོང་དང༌། རྒན་རྒོན་དང་ནད་པ་མང་པོ་ལྟ་རྟོགས་བྱེད་ཀྱི་ཡོད་ལ། མང་པོ་ཞིག་གིས་གྲོང་གསེབ་ཀྱི་ཡར་རྒྱས་ལ་དོ་ཁུར་བྱེད་ཀྱི་ཡོད་པ་རེད། ཚང་མས་བསམ་པར་གནས་ཚུལ་འདི་དག་ནི་དམིགས་བསལ་ཅན་ཞིག་མིན་པ་དང༌། གསར་འགོད་བརྒྱུད་ལམ་ཁག་ནས་ཡང་འགོད་ཀྱི་མེད་པ་རེད། རྟག་པར་ཚགས་པར་ཀློག་མཁན་དང་བརྙན་འཕྲིན་ལྟ་མཁན་ཞིག་ཡིན་ཚེ་མིའི་རང་གཤིས་ནི་ངན་པ་ཞིག་ཡིན་པའི་བག་ཆགས་བཞག་ཡོད་པ་དང༌། མི་མང་པོ་ཞིག་གིས་སྤྱི་ཚོགས་མར་རྒྱས་སུ་འགྲོ་བཞིན་འདུག་བསམ་གྱི་ཡོད་མོད་ཡིན་ན་ཡང་ང་རང་ལྟ་ཚུལ་དེ་ལ་མོས་མཐུན་མེད། ངས་བསམ་པར་འདས་བའི་དུས་རབས་གཅིག་གི་ནང་འཛམ་གླིང་སྔར་ལས་དཔལ་ཡོན་ཅན་དུ་འགྱུར་བ་དང༌། མིའི་རིགས་སྔར་ལས་ན་ཚོད་སྨིན་པ་དང་སྦྱང་བརྡར་མང་པོ་ཞིག་བརྒྱུད་ཡོད། མི་མང་པོ་ཞིག་གིས་གསར་འགྱུར་ལ་བལྟས་བའི་རྐྱེན་གྱིས་ལྡོག་ཕྱོགས་ཀྱི་ལྟ་ཚུལ་དེ་བྱུང་བ་རེད།
དྲི་བ། གསར་འགོད་པའི་སྙིང་སྟོབས་ཆེན་པོས་སྤྱི་ཚོགས་ཀྱི་གནད་དོན་ཐེར་འདོན་བྱས་ཏེ་ཀློག་མཁན་
ལ་ཚོར་ཤུགས་སྤྲད་ཀྱི་ཡོད་པ་དང༌། དེར་བརྟེན་སྤྱི་ཚོགས་ཡང་ཡར་རྒྱས་སུ་འགྲོ་བཞིན་པ་མིན་ནམ།
ལན། དེ་རེད། ང་ཚོས་ངེས་བར་ཏུ་ཤེས་དགོས་བ་ནི་འཛམ་གླིང་སྟེང་གནས་ཚུལ་བཀྲ་མི་ཤིས་བ་མང་པོ་ཞིག་བྱུང་བཞིན་པ་རེད། ངས་བསམ་པར་གནས་ཚུལ་དེ་ཚོ་འགོད་པ་ནི་འགྲིག་ཡོད་རེད། ཡིན་ན་ཡང་གསར་འགོད་མཁན་ཚོས་ཚོར་བ་དེ་གླང་ཆེན་གྱི་སྣ་ཞགས་བཞིན་བདེ་མྱུར་ལྡན་པ་ཞིག་ཡིན་དགོས་ལ། གནས་ཚུལ་གྱི་མདུན་དང་ཟུར། རྒྱབ་བཅས་ལ་རྟོག་ཞིབ་བྱེད་དགོས་བ་དང༌། ཕྱོགས་བཞིར་བཅར་འདྲི་བྱས་ཏེ་དངོས་ཡོད་གནས་ཚུལ་དྲང་བདེན་གྱིས་སྤེལ་དགོས་བ་ལས་ཆབ་སྲིད་ཀྱི་བསམ་བློ་བསྲེས་མི་རུང་བ་རེད། དེར་བརྟེན་རང་དབང་གིས་སྐྱོན་བརྗོད་སྤེལ་རྒྱུ་ཡང་ཤིན་ཏུ་གལ་ཆེན་པོ་རེད།
གསར་འགྱུར་ངེས་བར་ཏུ་ཆ་མཉམ་དང་དྲང་ཕྱོགས་ཀྱི་གནས་ཚུལ་སྤེལ་དགོས་བ་རེད། འཛམ་གླིང་གང་སར་མིའི་རང་གཤིས་སེམས་པ་བཟང་པོ་དང་ཐུགས་ཁུར་ཡོད་རེད། ཆག་སྒོ་དང་ཐན་སྐྱོན་བྱུང་སྐབས་གསར་འགོད་པས་ངེས་བར་ཏུ་འདི་ནི་གནས་ཚུལ་གྱི་ཕྱོགས་གཅིག་མིན་པར་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཡོད་པ་དང༌། མི་མང་ལ་རང་ཉིད་ཀྱི་ལས་དབང་ཁ་ལོ་བསྒྱུར་ཐུབ་པའི་ཡིད་ཆེས་དང་སོ་སོའི་སྔར་ལས་ཡག་པོ་ཞིག་སྒྲུབ་ཐུབ་པ་སྟོན་དགོས་བ་རེད།
དྲི་བ། ཉིད་ཀྱི་དགོངས་བར་གསར་འགོད་རང་དབང་ལ་ཚད་འཛིན་བྱེད་དགོས་ཀྱི་འདུག་གམ།
ལན། ངས་བསམ་པར་གསར་འགོད་བརྒྱུད་ལམ་གྱིས་གནས་ཚུལ་ཇི་བཞིན་བགོད་པར་རང་དབང་ཆ་ཚང་ལོངས་སུ་སྤྱོད་དགོས་བ་རེད། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བལྟས་ཚེ་གསར་འགོད་མཁན་ཡང་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། གསར་འགོད་ཀྱི་ཆེས་མཐའ་མཇུག་གི་དམིགས་ཡུལ་ནི་ཆབ་སྲིད་དང་དངུལ་སྒོར་མིན་པར་མིའི་སེམས་འགྱུར་བ་གཏོང་རྒྱུ་དེ་རེད། གལ་སྲིད་རང་དབང་ཅེས་བ་ལ་ཚད་འཛིན་དང་རྩ་དོན་ཅི་ཡང་མེད་པ་ཡིན་ན་རང་དབང་འདི་འདྲ་ཞིག་ལོངས་སུ་སྤྱོད་པར་དོན་སྙིང་ཅི་ཡོད། ང་ཚོ་ངེས་བར་ཏུ་སྔར་ལས་བདེ་ཞིང་སྐྱིད་པའི་འཛམ་གླིང་ཞིག་ལ་བསྙེགས་དགོས་བ་དང༌། ཕན་ཚུན་བྱམས་བརྩེ་དང་ཐུགས་ཁུར། ཞི་བདེ་མཉམ་གནས་བྱེད་དགོས་བ་རེད། ངས་བསམ་པར་དེའི་ཐད་གསར་འགོད་པར་འགན་ཁུར་ཡོད་པ་རེད། ཡིན་ན་ཡང་དེ་གསར་འགོད་པ་གཅིག་པུའི་ལས་འགན་མིན་པར་ཚན་རིག་པ་དང༌། ཆབ་སྲིད་པ། ཚོང་པ་སོགས་ཚང་མའི་ནུས་བ་འདོན་དགོས་བ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།