གྲྭ་བཙོན་ཟུར་བ་སེང་དགའ་ནི་མི་མང་གྱེན་ལངས་ཀྱི་གནས་ཚུལ་སྐོར་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མང་འོག་རྔ་པ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
འདི་གར་སྨན་རི་དགོན་དུ་སློབ་གཉེས་བྱེད་མཁན་འཆི་མེད་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤྲད་པ་ལྟར་ན། ༢༠༠༨ ལོའི་ཟླ་ ༠༨ ཚེས་ ༡༣ ཉིན་མདོ་སྨད་རྔ་པ་རྫོང་གཡུང་དྲུང་བོན་དགོན་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་གྲྭ་བཙོན་ཟུར་བ་སེང་དགའ་ཞེས་པ་རྔ་བ་ཁུལ་ཉེན་རྟོག་པས་འཇུ་བཟུང་བྱས་འདུག་ལ། ཁོང་ནི་ད་རེབ་མི་མང་གྱེན་ལངས་ཀྱི་གནས་ཚུལ་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མང་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག ཚེས་ ༡༤ ཉིན་རྔ་བ་ཁུལ་དང་ས་གནས་ཉེན་རྟོག་པ། དམག་མི་བཅས་ཡོང་སྟེ་ཁོང་གི་ཁྱིམ་ཚང་གི་མཐའ་སྐོར་ནས་ནང་ཚང་མ་སྔོག་བཤེར་བྱས་ཏེ་ནང་ནས་བཅའ་ལག་གང་མང་འཁྱེར་འདུག་པ་མ་ཟད། ཁོང་ད་ལྟ་ས་གནས་གང་དུ་ཁྲིད་ཡོད་མེད་ཤེས་རྟོགས་བྱུང་མི་འདུག
ཁོང་ནི་ ༢༠༠༡ ལོའི་ཟླ་ ༡༡ པའི་ནང་དུ་རྔ་པ་རྫོང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་ཁྲི་ལོ་བརྟན་པར་ཤོག རྒྱ་མིའི་དབང་འཛིན་པས་བོད་ནང་ཐེ་གཏོགས་བྱེད་མི་ཆོག་པ་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང་བོད་ནང་རྒྱ་མིའི་མི་སེར་སྤེལ་བའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་སྦྱར་ཡིག་དང༌། ༧གོང་ས་མཆོག་གི་སྐུ་པར་ཐོག་ཏུ། ལྷ་གཅིག་ཕྱག་ན་པད་མོའི་རྣམ་རོལ་གར། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། །སྲིད་གསུམ་ཟིལ་གནོན་བསྟན་འཛིན་རྒྱ་མཚོ་ཡིས། །མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུ་བར་སྨོན། ཞེས་སོགས་ཀྱི་རྩོམ་ཡིག་བྲིས་ཏེ་ངོ་བཤུས་སྟོང་ཕྲག་གཅིག་ལྷག་བོད་ཀྱི་ལོ་གསར་སྔོན་དུ་བཀྲམ་མཁན་བཅས་ལ་བརྟེན་ནས་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་མི་རིགས་ཁ་བྲལ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གཏོར་བཤིག་གཏོང་མཁན་གྱི་ཉེས་མང་འོག་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་ ༢༠༠༤ ལོའི་ཟླ་ ༡༡ ནང་བཙོན་གྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་ཞིག་རེད་འདུག