གཤམ་གྱི་དབུ་མའི་ལམ་དང་འབྲེལ་བའི་དྲི་བ་དགུ་ནི། རྒྱལ་སྤྱིའི་བོད་ཀྱི་ཕེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སྭ་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་དགེ་རྒན། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཡིག་ཐོག་ནས་འདི་ག་དུས་བབ་གསར་ཁང་ལ་ཕུལ་ཏེ། དྲི་བ་དེ་དག་ལ་ལན་འདེབས་ཉུང་བསྡུས་ཤིག་འཚོལ་ཐབས་ཀྱི་རེ་འདུན་བཏོན་འདུག་པ་ལྟར། ཕྱི་ཚེ་ ༥ ཉིན་འདི་གའི་གསར་འགོད་པ་བོད་གཞུང་ཆོས་དོན་ལས་ཁུངས་ལ་ཆེད་དུ་བཅར་ཏེ། ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པ་ཡིན།
དྲི་བ། ཁ་ཅིག་གིས་དབུ་མའི་ལམ་ནི་ྋགོང་ས་མཆོག་སྐུ་སྒེར་གྱི་ཆབ་སྲིད་ལྟ་བ་ཙམ་ཞིག་ཡིན་ཚུལ་བརྗོད་པ་དེ་འགྲིག་གམ།
ལན། དེ་འགྲིག་གིན་ཡོད་པ་རེད་བསམ་ཡོད། གང་ཡིན་ཟེར་ན་༧གོང་ས་མཆོག་གིས་སྤྱི་ལོ་ ༡༩༥༩ སྔོན་ནས་རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱས་ཏེ། ཕྱོགས་གཉིས་ཀར་ཕན་པའི་ཉིས་ཕན་དབུ་མའི་ལམ་ཞིག་བཙལ་ཡོད་པ་རེད། ༧གོང་ས་མཆོག་གིས་ལོ་ལྔ་བཅུའི་སྔོན་ནས་དེ་ལྟ་བུའི་དགོངས་པ་རླབས་ཆེན་བཞེས་ཡོད། དགོངས་པ་རླབས་ཆེན་དེ་གཞི་རྩར་བཟུང་སྟེ། རིམ་གྱིས་འཕེལ་རྒྱས་ལྟ་བུར་སོང་སྟེ། མཐར་སྐབས་དེའི་བཙན་བྱོལ་བོད་གཞུང་གི་གཞུང་འཛིན་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྣམ་པ། མདོར་ན། སྐབས་དེར་གངས་ལྗོངས་ལྷ་མི་ཡོངས་ཀྱིས་ཐག་གཅོད་བྱས་པ་རེད་ཟེར་ན་མི་ཆོག་པ་མེད། འོན་ཀྱང༌། རྒྱ་ནག་གི་བཤད་སྟངས་སྤྱོད་སྟངས་ལ་གཞིགས་ན། སྲིད་བྱུས་འདི་ལ་ཕན་འབྲས་ཆུང་བ་དང་རྒྱ་ནག་གིས་ཀྱང་ངོས་ལེན་གྱི་རྣམ་པ་གང་ཡང་མེད་པའི་མཐོང་ཚུལ་ཡོང་གིན་ཡོད་སྟབས། འགྱུར་བ་གཏོང་དགོས་ཀྱིན་འདུག་ཟེར་བའི་དུས་སྐབས་ཤིག་བྱུང་བ་རེད། དེ་ནས་ཡང་བསྐྱར་མང་མོས་འོས་བསྡུ་བྱ་དགོས་ཟེར་ནས་ཐག་གཅོད་བྱས་ཀྱང༌། སྔོན་འགྲོའི་འོས་བསྡུའི་སྐབས་སུ་བརྒྱ་ཆ་ ༦༤ ལྷག་གིས་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ལྟར། རྒྱལ་སྤྱིའི་དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་གང་ཞིག་གསུང་པ་ཡིན་ན། དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས། མང་མོས་འོས་བསྡུའི་དངོས་གཞི་མ་དགོས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ནས་ཐག་གཅོད་བྱུང་བ་རེད། དབུ་མའི་ལམ་གྱི་རྩ་བའི་ས་བོན་དེ་༧གོང་ས་མཆོག་གིས་གསུངས་བ་ཙམ་ལས། མཐའ་མའི་ཐག་གཅོད་དང་ལག་ལེན་དེ་བོད་གཞུང་དམངས་ཡོངས་མཉམ་རུབ་ཀྱིས་གཏན་འབེབས་བྱུང་བ་ཉག་གཅིག་རེད།
དྲི་བ། ཁ་ཅིག་གིས་ྋགོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་བློན་ཁྲི་པའི་དབུ་མའི་ལམ་ཞེས་བརྗོད་པ་དེ་དེ་ལྟར་ཡིན་ནམ།
ལན། དེ་ཁྱོན་ནས་འགྲིག་གིན་ཡོད་པ་མ་རེད། ང་ཚོའི་བཅའ་ཁྲིམས་དེ་ ༡༩༩༡ ལོར་གཏན་འབེབས་བྱས་པ་རེད། བཅའ་ཁྲིམས་གཏན་འབེབ་མ་བྱས་ན་ཡང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་རེད། བཅའ་ཁྲིམས་གཞིར་བཟུང་བྱས་ནའང༌། བཀའ་ཤག་གི་དབུ་ལ་བཞུགས་མཁན་༧གོང་ས་མཆོག་ཁོ་ན་རེད། དེར་བརྟེན། འཛིན་སྐྱོང་བཀའ་ཤག་གི་ལས་དོན་དག་ལས་ཨང་དང་པོ་དང་འདོར་དུ་མི་རུང་བའི་གནད་འགག་ཆེ་ཤོས་དེ། ༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་དང་ལེན་བྱ་རྒྱུ་དང༌། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་དྲི་བར་ལན་འདེབས་བྱ་རྒྱུ། བཀའ་ཤག་གིས་ནམ་ཡང་འགྱུར་བ་གཏོང་ཐབས་མེད་པར་ལག་ལེན་དོན་འཁྱོལ་བྱ་དགོས་པ་ཞིག་ཆགས་ཡོད། གནས་སྟངས་དེའི་འོག་ནས་བལྟས་ན། ༧རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཟེར་བའི་སྐད་ཆ་དེ་བཤད་མཁན་སུ་ཞིག་ཡིན་རུང༌། ཤེས་བཞིན་དུ་ཁྱད་གསོད་བྱས་པ་འམ། ཡང་ན། དགོས་པ་རྒྱུ་མཚན་དམིགས་བསལ་ཅན་ཞིག་གི་ཐོག་ནས་གསུངས་པ། དེ་མིན་ན། གནས་སྟངས་གང་ཡང་མི་ཤེས་མཁན་ཞིག་གིས་བཤད་པ་རེད། ༧རྒྱལ་བ་རིན་པོ་ཆེར་དགོངས་གཞི་གང་ཡོད་པ་དེ་བཀའ་ཤག་གིས་གནང་བཞིན་ཡོད། ༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཞེས་གཉིས་མེད་པ། ལོ་ཆུང་བྱུས་པ་ཞིག་ཡིན་ནའང་ཧ་གསལ་བོ་གོ་བ་ཞིག་རེད་ལ། གོ་དགོས་
པ་ཞིག་ཀྱང་རེད་སྙམ།
དྲི་བ། ཁ་ཅིག་གིས་དབུ་མའི་ལམ་ནི་གཞིས་བྱེས་རྒྱ་ཆེའི་བོད་མི་དམངས་ཀྱི་མངོན་འདོད་མིན་ཚུལ་བརྗོད་པ་འགྲིག་གམ།
ལན། དེ་འགྲིག་གིན་ཡོད་པ་མ་རེད། དབུ་མའི་ལམ་དེ་གཞིས་བྱེས་མི་དམངས་ཀྱི་མངོན་འདོད་དང་འཚམས་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ད་ལྟའི་བཙན་བྱོལ་གཞུང་འདི་གཞིས་བྱེས་མི་དམངས་ཀྱི་གཞུང་རེད། ༧གོང་ས་མཆོག་བོད་གཞིས་བྱེས་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་རེད། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དེ་གཞིས་བྱེས་གཉིས་ཀྱི་འཐུས་ཚབ་རེད། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་མི་དམངས་དེ་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད་སྟབས། གཞིས་ཡུལ་གཞན་དབང་འོག་ན་བསྡད་ཡོད་པ་ཚོའི་མགྲིན་ཚབ་པ་ཡིན་ཟེར་གྱིན་ཡོད། གནད་དོན་འདི་དག་ལ་བརྟེན་ཏེ། དབུ་མའི་ལམ་འདི་ཉིད། བོད་གཞུང་དམངས་གཉིས་ཀྱིས་གཞིས་བྱེས་གཉིས་ཀྱི་འདས་མ་འོངས་ད་ལྟ་གསུམ་ལ་དགོངས་པ་བཞེས་ཏེ། ཐག་གཅོད་བྱས་པའི་རྩ་དོན་ཆབ་སྲིད་ལམ་ཕྱོགས་ཤིག་ཡིན་སྟབས། དབུ་མའི་ལམ་འདི་བོད་གཞིས་བྱེས་གཉིས་ཀྱི་མངོན་འདོད་ཆགས་ཡོད་ལ། དེར་དཔང་རྟགས་གང་ཡོད་ཟེར་ན། ད་ལོ་གསུམ་པའི་བཅུ་ནས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ཀྱི་མི་དམངས་ཚོས་༧གོང་ས་མཆོག་གང་མྱུར་བོད་དུ་ཕེབས་རྒྱུའི་རེ་བ་ཆེན་པོ་བྱས་པ་དེ་གཅིག་པོའི་ཐོག་ནས་ཀྱང༌། བསམ་བློ་བཏང་ན་ཧ་ལམ་གསལ་བོ་ཆགས་ཡོད་པ་ཞིག་རེད།
དྲི་བ། ཁ་ཅིག་གིས། ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་དབུ་མའི་ལམ་ཞིག་ཡོང་ཐབས་མེད་ཚུལ་བརྗོད་པ་དེ་དེ་ལྟར་ཡིན་ནམ།
ལན། ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང༌། ས་ཁུལ་མི་རིགས་རང་སྐྱོང་ངམ་དབུ་མའི་ལམ་གྱི་སྲིད་ཇུས་ཆ་ཚང་ཞིག་མེད་ཀྱང༌། རང་སྲིད་རང་སྐྱོང་ངམ་རང་སྲིད་རང་སྐྱོང་གི་ནང་དོན་དང་མཚུངས་པའི་ཆ་རྐྱེན་ཡོད་བསྡད་པ་ཞིག་རེད། དེར་ང་ཚོ་སུས་ཀྱང་འགྲེལ་བཤད་རྒྱག་མ་དགོས་པ་ཞིག་རེད་ལ། བཅའ་ཁྲིམས་དང་རྩ་ཁྲིམས་རང་ལ་བལྟས་ནའང་གསལ་བོ་ཞེ་དྲག་རེད། དེ་བཞིན་སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔ་ཕྱི་བར་གསུམ་དུ་གསུངས་པ་དེ་ཚོའི་ནང་དུའང༌། ད་ལྟའི་རང་སྐྱོང་དེ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཆགས་མེད། ཅེས་ཡང་ཡང་བསྟན་ཡོད་ལ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་ཀྱང༌། ད་ལྟ་མིང་ཙམ་གྱི་རང་སྐྱོང་ལས་བོད་པར་དོན་དང་ལྡན་པའི་རང་སྐྱོང་ཞིག་ཆགས་མེད། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཆ་རྐྱེན་ཆ་ཚང་ཀྲུང་གོའི་རྩ་ཁྲིམས་ནང་གསལ་བོ་ཡོད། ཅེས་གསུངས་ཡོད། དེ་ང་ཚོ་ཙམ་མ་ཡིན་པར་རྒྱ་ནག་ནང་ལོ་མང་བསྡད་དེ་སློབ་སྦྱོང་བྱས་མྱོང་བ། ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་མཁན། གནས་རིམ་ཐོན་པོར་སླེབས་ཡོད་པ་དེ་ཚོས་ཀྱང་ཡང་ནས་ཡང་དུ་གླེང་བསྡད་པ་ཞིག་ཆགས་ཡོད།
དྲི་བ། རྒྱ་གཞུང་གིས་དབུ་མའི་ལམ་གྱི་རྒྱབ་ལོགས་སུ་རང་བཙན་ཡོད་པའི་དོགས་སློང་བྱེད་པར་རྒྱུ་མཚན་གང་ཡང་མེད་པ་ཞིག་ཡིན་ནམ།
ལན། རྒྱ་གཞུང་གིས་དབུ་མའི་ལམ་གྱི་རྒྱབ་ཏུ་རང་བཙན་ཉར་འདུག་ཟེར་བ་དེར་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། དེ་ངས་གསལ་བོ་བྱས་ཏེ་བཤད་ཆོག་པ་ཞིག་རེད། རྒྱ་ནག་ཁོ་རང་ཚོར་རྒྱ་བོད་ཞི་མོལ་བྱ་རྒྱུར་འདོད་པ་མེད་སྟབས། ཁ་གཡར་ས་དང་ཁག་བཀྲི་ས་བཙལ་བ་རེད། ང་ཚོ་བོད་པའི་ནང་དུ་ཆབ་སྲིད་ཀྱི་ཐོག་ལ་དགོངས་པ་ཆེན་པ་བཞེས་མ་ཐུབ་པ་དང༌། ༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ལ་བསམ་བློ་ཆེན་པོ་གཏོང་མ་ཐུབ་པ་ཚོས་གོམ་པ་དང་པོ་དབུ་མའི་ལམ་དང༌། གོམ་པ་གཉིས་པ་རང་བཙན་ཞེས་བཤད་ཀྱིན་ཡོད། དེ་དག་དངོས་ཡོད་གནས་ཚུལ་མ་ཡིན་པར་ནོར་འཁྲུལ་ཡིན་པ་༧གོང་ས་མཆོག་གི་ཞལ་དྲོན་མོ་ནས་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་བ་གཙོས་པའི་གཞུང་དམངས་གཉིས་ལ་འགྲེལ་བཤད་གསལ་བོ་གནང་ཡོད་ལ། དེ་ཙམ་དུ་མ་ཟད། རྒྱ་རིགས་གཙོས་པའི་འཛམ་གླིང་མི་དམངས་ལ་རྒྱ་ཁྱབ་ཏུ་གསུངས་ཡོད། དེར་བརྟེན། དབུ་མའི་ལམ་གྱི་རྒྱབ་ཏུ་རང་བཙན་ཉར་ཡོད་པ་རེད། ཟེར་བ་དེར་རྒྱུ་མཚན་གང་ཡང་མེད་པ་ཞིག་རེད། ༧གོང་ས་མཆོག་གི་དབུ་མའི་ལམ་ལ་ཞལ་ནས་གསུངས་པ་ཞིག་དང༌། སེམས་ལ་ཉར་བ་གཉིས་མེད་པ། མི་སུ་འདྲ་ཞིག་ཡིན་རུང་ཡིད་ཆེས་བྱེད་ཆོག་པ་ཞིག་རེད།
དྲི་བ། རྒྱ་གཞུང་གིས། ཏཱ་ལའི་བླ་མར་བོད་མི་དམངས་ཀྱི་མགྲིན་ཚབ་པའི་ཐོབ་དབང་མེད་ཚུལ་བརྗོད་པ་དང༌། རང་རེ་ཁ་ཅིག་གིས། དབུ་མའི་ལམ་ནི་ྋགོང་ས་མཆོག་གི་དགོངས་ཚུལ་ལས་བོད་མི་དམངས་ཀྱི་མངོན་འདོད་མིན་པར་འདོད་ཚུལ་གཉིས་ལ་ཁྱད་པར་གང་ཡོད་དམ།
ལན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་བོད་མི་རིགས་ཀྱི་ཐོབ་དབང་ཡོད་པ་མ་རེད་ཟེར་བ་དེ་ནི། རྒྱ་ནག་གིས་སྐབས་སྐབས་སུ་ཟློས་གར་འཁྲབ་སྟེ། འཛམ་གླིང་གཞན་ལ་བཤད་རྒྱུའི་དགོས་མཁོ་ཞིག་གི་ཆེད་དུ་དེ་ལྟར་བཤད་པ་རེད་མ་གཏོགས། ༧གོང་ས་མཆོག་བོད་ཆོལ་ཁ་གསུམ། བོད་རིགས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཡིན་པ་དང༌། ༧གོང་ས་མཆོག་ལ་བོད་མི་རིགས་ཀྱི་མགྲིན་ཚབ་པའི་ཐོབ་དབང་ཆ་ཚང་ཡོད་པར་རྒྱ་ནག་གིས་ཀྱང་ངོས་ལེན་བྱས་ཡོད། སྔོན་མ་བོད་རྒྱ་ཞི་མོལ་ཆེད་༧གོང་ས་མཆོག་གི་སྐུ་ཚབ་དང་ཐེངས་ ༢༠ ཙམ་ཕེབས་ཡོད་ལ། བར་ལམ་འབྲེལ་བ་ཆད་ཀྱང༌། ༢༠༠༢ ལོ་ནས་བསྐྱར་དུ་སྐུ་ཚབ་ཐེངས་བརྒྱད་ཙམ་ཕེབས་ཡོད། དེ་དག་ཚང་མ་བོད་ཀྱི་རྩ་དོན་ཆེད་ཕེབས་པ་རེད། དེ་དག་ལ་རྒྱ་ཕྱོགས་ནས་ངོས་ལེན་བྱས་ཡོད།
དྲི་བ། ཁ་ཅིག་གིས། ད་བར་གྱི་དབུ་མའི་ལམ་ལ་གྲུབ་འབྲས་གང་ཡང་མེད་པ་དང༌། སྲིད་ཇུས་འདི་ནོར་འཁྲུལ་ཅན་ཞིག་ཡིན་ཚུལ་སྨྲ་བ་དེར་མཐོང་ཚུལ་གང་འདྲ་ཡོད་དམ།
ལན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ཧ་ཅང་ཡང་དག་པ་དང༌། འདི་ལ་གྲུབ་འབྲས་མངོན་གསལ་བྱུང་ཡོད། དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡང་དག་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ཏེ། འཛམ་གླིང་ཡོངས་ཧ་ལས་ཤིང་ཧོན་ཐོར་གྱིན་ཡོད། འཛམ་གླིང་གི་རྒྱལ་ཁབ་མང་པོས་རྗེས་སུ་ཡི་རིངས་བྱས་ཏེ། ཚེས་དགུའི་ཟླ་བ་བཞིན་རྒྱབ་སྐྱོར་མང་ནས་མང་དུ་འགྲོ་བཞིན་ཡོད། ད་ཆར་བསམ་བློ་བཏང་ན། འཛམ་གླིང་གི་རྒྱ་ཁབ་ཆེ་རུ་ཆེ་ཚད་ཀྱིས་རྒྱབ་ཐོབ་ཀྱིན་ཡོད། འཛམ་གླིང་ཡོངས་གཡོ་འགུལ་གཏོང་ཐུབ་ལྟ་བུའི་སྲིད་བྱུས་ཤིག་ཆགས་ཡོད། དེ་ཚོ་ཚང་མ་དབུ་མའི་ལམ་གྱི་གྲུབ་འབྲས་མངོན་གསལ་ལས་བྱུང་བ་རེད། དེ་ཙམ་དུ་མ་ཟད་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབ་བྱས་རྗེས། སྐུ་ཚབ་ཚོགས་པ་རིམ་པར་ཕེབས་ཐུབ་པ་བྱུང་བ་མ་ཟད། ང་ཚོས་འདི་ལས་ལྷག་པའི་བྱ་ཐབས་མེད་ཟེར་བ་དང༌། ཁོ་ཚོས་ཀྱང་འདི་ལས་ལྷག་ཅིག་ཡོང་ཐབས་མི་འདུག་ཟེར་བའི་མཐའ་མའི་འགག་རྩར་སླེབས་ཡོད། དེ་དག་ཀྱང་དབུ་མའི་ལམ་གྱི་གུ་ཡངས་སྲིད་བྱུས་འོག་ཕན་ཚུན་གྱི་ལངས་ཕྱོགས་གསལ་བོ་བཟོས་ཏེ། མཐའ་མའི་འགག་རྩར་སླེབས་ཐུབ་པ་ཞིག་རེད། འོན་ཀྱང༌། དབུ་མའི་ལམ་གྱི་མཐར་ཐུག་གི་དགོས་དམིགས་ཆ་ཚང་དེ་ད་ལྟ་འགྲུབ་ཡོད་དམ་ཟེར་ན། ད་དུང་འགྲུབ་ཡོད་པ་མ་རེད། སྤྱིར་བཏང་གི་ཆ་ནས་གནད་དོན་མང་པོ་ཞིག་གི་ཐད་དུ་དབུ་མའི་ལམ་གྱིས་གྲུབ་འབྲས་རླབས་ཆེན་བཞག་ཡོད།
དྲི་བ། ད་ལོའི་ས་བྱི་ཞི་རྒོལ་ཆེན་མོ་འདི་རྒྱུ་དང་རྐྱེན་གང་དག་ལ་བརྟེན་ནས་བྱུང་བ་དང༌། དེས་
གཞིས་ལུས་བོད་མིའི་མངོན་འདོད་ངོ་མ་གང་ཞིག་
མཚོན་གྱིན་ཡོད་དམ།
ལན། གཞིས་བྱེས་གཉིས་བར་ ༡༩༥༩ ཙམ་ནས་འབྲེལ་བ་ཆད་པ་རེད། རྗེས་སུ་འབྲེལ་བ་བསྐྱར་མཐུད་བྱུང་སྟེ། ༧གོང་ས་མཆོག་གི་ཞལ་མཇལ་ཞིང་གསུང་ཐོས་ཐུབ་པ་བྱུང་བ་དང་གཅིག ༧གོང་ས་མཆོག་གི་རླབས་ཆེན་མཛད་པ་འཕྲིན་ལས་མཁྱེན་རྟོགས་བྱུང་བ་དང་གཉིས། གཞིས་ལུས་རྒྱ་ཆེའི་མི་དམངས ༧གོང་ས་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པར་གང་མྱུར་ཞལ་མཇལ་འདོད་ཆེ་བ་དང་གསུམ། གནད་དོན་འདི་དག་ལ་བརྟེན་ཏེ། སྔོན་མའི་ཞི་བའི་སྒེར་ལངས་ཀྱི་དྲན་སྐུལ་དང་བསྟུན་ཏེ། ཞི་རྒོལ་འདི་ལྟ་བུ་ཞིག་བྱུང་བ་རེད། དེས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་རྒྱབ་སྐྱོར་མཚོན་ཡོད། རྒྱ་ནག་གིས་གང་ཞིག་བཤད་ཀྱིན་ཡོད་ཟེར་ན། ཏཱ་ལའི་བླ་མ་དང་ཏཱ་ལའི་བླ་མའི་ཕྱོགས་གཏོགས་ཉུང་ཤས་ཤིག་གིས་སྐད་རྒྱག་གིན་ཡོད་པ་རེད་མ་གཏོགས། བོད་ནང་དུ་སྡོད་མཁན་ཆོལ་ཁ་གསུམ་གྱི་བོད་རིགས་ཚང་མའི་ལྟ་བ་ལངས་ཕྱོགས་རྒྱ་གཞུང་ལ་དགའ་དད་སྤྲོ་གསུམ་གྱིས་འདོད་པ་ཚིམས་བསྡད་ཡོད་ཟེར་བ་དེ་དངོས་ཡོད་གནས་ཚུལ་མིན་པར། ༧རྒྱལ་བ་རིན་པོ་ཆེའི་དགོངས་དོན་ལྟར། ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པའི་མངོན་འདོད་གསལ་བོར་མཚོན་ཡོད་ལ། མངོན་འདོད་དེ་འགྲུབ་པའི་ཆེད་དུ་ད་ལོ་གཞིས་ལུས་བོད་མི་ཚོས་རང་སྲོག་གི་འགྲོ་གྲོན་དེ་ཙམ་བཏང་བ་རེད།
དྲི་བ། ད་ལྟའི་རྒྱལ་སྤྱིའི་གནས་བབ་འོག་ནས་བོད་ཀྱི་རྩ་དོན་ཐད། དབུ་མའི་ལམ་དང༌། རང་ཐག་རང་གཅོད། རང་བཙན་བཅས་ལས་གང་ཞིག་ལ་རྒྱབ་སྐྱོར་དང་ཐབས་ལམ། ཕུགས་རེ་ཆེ་བ་ཡོད་དམ།
ལན། ང་རང་སྒེར་གྱི་བསམ་ཚུལ་བྱས་ན། ད་ལྟའི་ཆར་རྒྱལ་སྤྱིའི་གནས་བབས་འོག་ནས་བོད་དོན་ལ་ཕུགས་རེ་ཆེ་ཤོས་དེ་༧གོང་ས་མཆོག་གིས་སྟོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་དགོངས་གཞི་རླབས་ཆེན་འདིའི་ཐོག་ལ་ཕེབས་རྒྱུ་དེ་གནད་འགག་ཆེན་པོ་རེད་སྙམ། དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཁ་ནས་བཤད་བསྡད་པ་གཅིག་པུས་མི་ཕན། དེ་ལ་འཚམས་པའི་ཐབས་ལམ་འཚོལ་དགོས། ༧གོང་ས་མཆོག་གིས་རྒྱུན་དུ། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱ་དགོས་གསུངས་པ་བཞིན། བོད་པའི་གནད་དོན་ལོ་མང་རིང་ལྷག་པ་ཡིན་ནའང་དེ་ལ་འཁྱོལ་ཐུབ་པའི་གྲ་སྒྲིག་ཅིག་ད་ལྟ་ནས་བྱ་དགོས་པ་རེད། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་དཔེ་བལྟས་ཏེ། མ་འོངས་པའི་ཕྱོགས་ཡོངས་ཀྱི་བྱེད་སྒོ་མཐའ་དག་ཡར་རྒྱས་སུ་གཏོང་དགོས་པ་དེ་གནད་འགག་ཆེན་པོ་རེད། ཅེས་དྲི་བ་ཁག་ལ་ལན་འདེབས་གནང་སོང༌།
སྐུ་ཞབས་གནས་ཚང་ལཊ།
རེད་ང་ལ་དེ་འདྲའི་གནས་བབ་སྟེ། འཛེམས་དོགས་དགོས་པའི་གོ་ས་དེ་འདྲ་གང་ཡང་མེད། མ་ཟད་གང་ལ་ཡང་མི་འཛེམས་ཤིང་ཅི་ལའང་མི་སྐྲག་མཁན། བློ་ངོར་གང་ཤར་དེ་དྲང་མོར་ཤོད་རྒྱུར་དགའ་པའི་འཁྱམས་པོ་ཞིག་ཡིན།
འོན་ཀྱང་ཤ་ཁྲག་རུས་གསུམ་བོད་ནས་ཆད་པའི་བོད་པ་ཡང་དག་ཞིག་ཡིན་པས་ངས་ཅི་བསམ་དང་ཇི་མཐོང་ཤོད་ས་ནི་བོད་པ་ཚོ་ཡིན་། དྲ་གྲོགས་ཚོར་བསམ་ཚུལ་བགྲོ་གླེང་རེ་བྱེད་འདོད་པ་ལས་ཆེ་མཐོང་གི་གོ་ས་ཞིག་རྙེག་འདོད་པ་གཏན་ནས་མིན།
དྲ་གྲོགས་གནས་ཚང་ལཊ་སེམས་བདེ་མོ་བྱོས་སྐྲག་མི་དགོས་ཤུགས་རྒྱོབ་པྰ་ལེ་ཚོང་དང་འཁྱམས་པོ་ངས་སྤྲང་དངུལ་རེ་རེགས་ན་ཁྱེད་རང་སར་པྰ་ལེ་ཉོ་པར་ཡོང་ཆོག
ཞོར་དུ་བསམ་ཚུལ་རེ་ཁུར་ཡོང་རྒྱུ་མ་བརྗེད་པྰ་ལེ་པ་ཁྱོད་དང་འཁྱམས་པོ་ང་ལྟ་བུ་ཞིག་ཡིན་ནའང་སྲིད་ཕྱོགས་ལ་བསམ་ཚུལ་རེ་འགོད་ཆོག་གི་རེད།
སྐུ་ཞབས་འཁྱམས་པོ་ལགས།
རང་གིས་ཡག་པོ་གསུང་ཤག འདི་༼ཞི་རྒོལ་ཆེན་མོ༽ལས་ཚུར་མཚོན་གྱི་བསམ་བློ་ཞིག་དང་ཐད་ཀར་དུ་དེ་འདྲ་གསུང་གི་མེད་ནའང་། དོན་ལ་དེ་འདྲ་ཞིག་ཏུ་གྱུར་ཡོད་པ་རེད། ཏཱ་ལའི་བླ་མ་ཕྱིར་ཕེབས་ཐུབ་པ་བྱུང་ན། མ་མཐར་ཡང་བོད་ནང་གི་ད་ལྟའི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་རེད་བསམ་བཞིན་ཡོད་པ་གསལ་བོ་རེད།
མ་གཞི་འདི་དག་རང་ཚོ་སྨྱུག་འཛིན་པ་དང་སྲིད་དོན་པའི་ལས་ཀ་ཡིན་ནའང་། པཱ་ལེ་བ་ཞིག་འཚང་ཁ་རྒྱག་དགོས་ཐུག་པ་འདིའང་དོན་ལ་ཉམས་རྒུད་ཅིག་མིན་པའི་ངེས་པ་ནམ་ཡང་མེད། རེད། གལ་ཏེ་སྲིད་དོན་པས་ཁེ་བཟང་ཤོར་དོགས་ལ་འཛེམས་ནས་དྲང་བཤད་བྱེད་ཀྱི་མེད་ན། སྨྱུག་འཛིན་པ་ཚོར་ག་རེ་བྱས་སོང་བ་ཡིན་ནམ། དཔེར་ན། ངས་བཙོང་བཞིན་པའི་པཱ་ལེ་ནང་དུ་སླད་རྒྱག་མི་རུང་བ་ནང་བཞིན་སྨྱུག་འཛིན་པ་ཚོའི་རྩོམ་ཡིག་ཏུའང་དྲང་བཤད་འདོར་རུང་གི་མ་རེད་བསམ།
སྐུ་ཞབས་གནས་ཚང་ལཊ།
ཁྱེད་ཀྱིས་ཤོད་རྒྱུ་དེ་ཏྭ་ལའི་བླ་མ་ནི་བོད་རང་བཙན་ཤོར་མཁན་དེ་རེད་ལ་ལེན་མཁན་དེའང་ཡིན་དགོས་ཟེར་གྱིན་ཡོད་པ་འདྲ་དེ་ཡིན་ན་སྐབས་དུས་ཀྱི་ལོ་རྒྱུས་དང་ང་ཕོད་ཆབ་མདོའི་མདོ་སྤྱི་ཡིན་དུས་ཀྱི་བཀའ་ཤག་གི་ཐུགས་སྤྲོ། ད་དུང་ཏྭ་ལའི་བླ་མའི་དགོངས་གྲང་གང་གི་སྐབས་སུ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ། འཛམ་གླིང་གི་ཡུལ་གྲུ་གང་དང་རྒྱལ་ཁབ་གང་གི་དབུ་ཁྲིད་གང་ཞིག་གིས་དགོངས་ལོ་འདི་འདྲ་ཞིག་གི་སྟེང་ཆབ་སྲིད་ཀྱི་འགན་གཙང་ལེན་ཐུབ་ཡོད་མེད་སོཊ། མང་པོ་ཞིག་ལ་ཞིབ་དཔྱོད་ནན་མོ་ཞིག་བྱས་ནས་ད་གཟོད་ཤོད་དགོས་རྒྱུ་ཞིག་རེད་སྙམ།
འོན་ཀྱང་ཁྱེད་ཀྱི་བསམ་བློ་དེ་ཡག་པོ་རེད་ང་ཚོ་བོད་པ་ལ་དྲང་ཕྱོགས་ནས་་སྡོད་མཁན་མང་ལ་ལྡོག་ཕྱོགས་སུ་འགྲོ་མཁན་ཧ་ཅང་དཀོན་པོ་རེད་དེ་ལ་ང་ཁྱེད་ཀྱི་བསམ་བློར་རྗེས་སུ་ཡིད་རང་ཡོད། ཆབ་སྲིད་ཀྱི་ལམ་ཁ་ཞིག་རྒྱུད་པ་ལ་རྩོད་ཟླ་ཞིག་ངེས་པར་དུ་དགོས་པ་རེད།
སྐུ་ཞབས་འཁྱམས་པོ་ལགས།
ཏཱ་ལའི་བླ་མ་སྔར་བོད་རང་བཙན་ཡོད་དུས་ཀྱི་རྒྱལ་བོ་རེད་ལ། ཁོང་ཕྱིར་ཕེབས་ཐུབ་པ་བྱུང་ན་གནས་སྟངས་དེ་འདྲ་ཞིག་བསྐྱར་གསོ་བྱེད་ཞུབ་རྒྱུ་རེད་འདོད་ཀྱིན་པའི་བསྡུས་གཟུགས་ལྟ་བུ་ཞིག་༼ཞི་རྒོལ་ཆེན་མོ་༽རེད་ལ། འབོད་ཚིག་གཉིས་དུས་མཉམ་དུ་བྱུང་དོན་ཡང་དེ་རེད། ཡིན་ནའང་། དབུ་ཁྲིད་ཡིན་པའི་ཆ་ནས་གཅིག་མིང་ཡོངས་ཁྱབ་ཏུ་བཀོད་པ་ཞིག་རེད་མ་གཏོགས་གཞན་དག་གིས་གཞོགས་འདེགས་བྱེད་མི་དགོས་ཞེས་བཤད་ཀྱི་ཡོད་པ་མ་རེད།
ལགས་ཤེས་སོང་གནས་ཚང་ལགས། དེ་ལྟར་ཡིན་ཚེ་གཞིས་ལུས་བོད་མི་མང་གི་བསམ་པའི་དམིགས་འདུན་གཙོ་བོ་ནི་རང་བཙན་དང་དེ་ཁུར་ཡོང་མཁན་ནི་ཏཱ་ལའི་བླ་མ་རང་ཡིན་པ་ལས་ང་ཚོས་དེ་ལས་ཆ་ཤས་གང་ཡང་ལེན་མ་དགོས་པའམ་མི་ལེན་པར་ཏྰ་ལའི་བླ་མ་གཅིག་བུར་ཁེགས་འཁྲི་དགོས་ཟེར་བ་ཡིན་ནམ། ད་དུང་ཡང་བོད་མི་ཚོས་ཏྰ་ལའི་བླ་མ་ནི་རང་བཙན་གྱི་བདག་པོར་འབོད་གྱིན་ཡོད་པ་ལས་ང་ཚོ་ལ་དེས་ཆ་ཤས་གང་ཡང་མ་གནང་ཟེར་རྒྱུ་ཡིན་ནམ། ཏྰ་ལའི་བླ་མའི་ལམ་དབུ་མ་ལ་རང་བཙན་ཞེས་འབོད་དགོས་པ་རེད་དམ།
སྐུ་ཞབས་འཁྱམས་པོ་ལགས།
དྲི་ལན་དང་པོ། ངས་ཞི་རྒོལ་ལ་ཕྱོགས་ཁག་དབྱེ་ཡི་མེད་པར་མ་ཟད། ཆིག་སྒྲིལ་གྱི་སྟོབས་ཤུགས་ཤིག་ལ་མཐོང་གི་ཡོད་ལ། འབོད་ཚིག་དེ་གཉིས་ཀྱི་གོ་དོན་ངོ་མ་ནི་ཏཱ་ལའི་བླ་མས་རང་བཙན་ཁུར་ནས་ཕྱིར་ཕེབས་ཤོག་ཅེས་པའི་དོན་རེད། དེར་ཕྱོགས་ཁག་མེད་པར་མ་ཟད། སྟོབས་ཤུགས་ཆིག་སྒྲིལ་ཅན། རེ་འདུན་གཞི་གཅིག་ཅན་ཞིག་ཡིན་པས། ངོས་འཛིན་ཡང་དེ་ལྟར་གནང་དགོས་ཀྱི་ཡོད་པ་རེད།
དྲི་ལན་གཉིས་པ། ངས་གོ་རྟོགས་སྤེལ་དགོས་ཀྱི་མི་འདུག་ཟེར་གྱི་མེད་ལ། ལོགས་ཤིག་ཏུ་སྡོད་དགོས་ཀྱང་ཟེར་གྱི་མེད། མདོ་དོན་བོད་དོན་རྒྱལ་ཁབ་ཁག་གི་ཁེ་བཟང་ཟ་སྤྱད་ལས་བོད་ལ་ཕན་ཐོགས་སྤུ་ཙམ་ཡང་མེད་པ་ཞིག་ཏུ་འགྱུར་མི་རུང་ཟེར་གྱི་ཡོད་ལ། བཙན་བྱོལ་ནང་གི་མི་སྒེར་བ་ཁ་ཤས་དང་ཚོགས་སྐྱིད་གང་རུང་ལ་ཕན་ཐོགས་པ་དེ་བོད་ནང་ལ་ཕན་ཐོགས་པའི་ཁྱབ་ཀྱི་མེད་ཟེར་གྱི་ཡོད། ད་མཁྱེན་སོང་ངམ།
ཕྲན་ལའང་དྲི་བ་འགའ་འདུག དང་པོ།
༡ སྐུ་ཞབས་གནས་ཚང་ལགས་ཁྱོད་ཀྱིས་ད་ལོའི་ཞི་རྒོལ་དེ་ཇི་ལྟར་ཕྱོགས་ཁག་ཞིག་དབྱེ་ཐུབ་སོང་གལ་སྲིད་མི་གཅིག་གི་ཁ་ནས་༼ཏཱ་ལའི་བླ་མ་ཕྱིར་ཕེབས་དགོས་༽དང་༼བོད་རང་བཙན་ཡིན་༽ཞེས་འབོད་ཚིག་དེ་གཉིས་ཀ་ཐོན་པ་ཡིན་ན་དེ་གང་གི་ཁུངས་སུ་ཕྱེས་པ་ཡིན་ནམ།
དེ་འདྲའི་མི་མང་པོ་འདུག་པ་དེ་ལ་ཁྱེད་ལྟར་ན་ངོས་འཛིན་གང་འདྲ་གནང་རྒྱུ་ཡིན་ནམ།
༢གལ་སྲིད་བོད་དོན་སེལ་དགོས་ན་བོད་པ་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་དགོས་ལ་དེ་རྒྱལ་སྤྱིའི་གནས་བབ་ལ་མ་བརྟེན་པར་ལོག་ཞིག་ཏུ་བསྡད་བསྡད་པ་ཡིན་ཇི་ལྟར་འཕེལ།
གཉིས་པ།
སྐུ་ངོ་ཚེ་རིང་ཕུན་ཚོགས་ལགས། ང་ཚོ་ལ་མཁོ་པ་ནི་ཆབ་སྲིད་ཀྱི་གོ་རྟོགས་རེད་གལ་སྲིད་དེ་གོང་དུ་སྤེལ་དགོས་ཚེ་ཆབ་སྲིད་ཀྱི་ཕྱོགས་ཁག་མང་པོ་ཞིག་ཐོན་སྲིད་ལ་བསམ་བློའང་མང་པོ་ཞིག་སླེབས་སྲིད་པས་སྐབས་དེ་དུས་ད་དུང་ཡང་གོང་གི་མིང་ཚིག་རྙིང་པ་དེ་ཚོ་{སྐད་ཆ་དེ་བཤད་མཁན་སུ་ཞིག་ཡིན་རུང་། ཤེས་བཞིན་དུ་ཁྱད་གསོད་བྱས་པའམ། ཡང་ན། དགོས་པ་རྒྱུ་མཚན་དམིགས་བསལ་ཅན་ཞིག་གི་ཐོག་ནས་གསུངས་པ། དེ་མིན་ན། གནས་སྟངས་གང་ཡང་མི་ཤེས་མཁན་ཞིག་གིས་བཤད་པ་རེད། }བསྐྱར་ཟློས་ཀྱིས་ཁ་གཅོད་ཐབས་བྱས་བསྡད་ན་ང་ཚོས་ཇི་ལྟར་ཆབ་སྲིད་པ་ཞིག་བསྐྱེད་སྲིང་བྱེད་དམ།
ཁ་སྣོན་དྲི་བ་འགའ།
༡ གལ་སྲིད་༼༧གོང་ས་མཆོག་བོད་ཆོལ་ཁ་གསུམ། བོད་རིགས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཡིན་པ་དང༌། ༧གོང་ས་མཆོག་ལ་བོད་མི་རིགས་ཀྱི་མགྲིན་ཚབ་པའི་ཐོབ་དབང་ཆ་ཚང་ཡོད་པར་རྒྱ་ནག་གིས་ཀྱང་ངོས་ལེན་བྱས་ཡོད༽ན། ཁ་སང་རྒྱ་ནག་གཞུང་གིས་སྤེལ་བའི་གསལ་བསྒྲགས་ནང་༼ཏཱ་ལའི་རང་ཉིད་ཀྱི་ནོར་འཕྱུག་ཡོ་བསྲང་གི་སྒོ་ག་དུས་ཡིན་ནའང་ཕྱེ་ཡོད་པ་ལས་གཞན་ཐ་དག་གི་སྒོ་གཏན་ཟིན་པ་ཡིན་༽ཞེས་པའི་གོ་དོན་ཅི་ཡིན་ནམ།
༢ བོད་ནང་བྱུང་བའི་དོན་རྐྱེན་ཁྲོད་༼ཏཱ་ལའི་བླ་མ་ཕྱིར་ཕེབས་དགོས་༽ཞེས་པ་འདི་ཕྱོགས་གཅིག་རེད་ལ། ༼བོད་རང་བཙན་ཡིན་༽ཞེས་པ་དེ་ཕྱོགས་གཞན་དེ་ཡིན་པས། སྐུ་ངོ་ཚེ་ཕུན་གྱིས་ཅིའི་ཕྱིར་ཕྱོགས་གཅིག་མ་གཏོགས་མ་མཐོང་བ་རེད་དམ།
༣ ཚེ་ཕུན་ལགས་ཀྱི་བྱ་སྤྱོད་འདིའི་ངོས་ནས་ཀྱང་བོད་གཞུང་གིས་བོད་ནང་གི་བོད་མི་བེད་སྤྱོད་གཏོང་བྱེད་ཙམ་ལ་མ་གཏོགས་བསམ་བློ་གཏོང་གི་མེད་པ་གསལ་བོ་ཆགས་མི་འདུག་གམ།
༤ བོད་དོན་སེལ་དགོས་ཀྱི་རེད་མ་གཏོགས་རྒྱལ་སྤྱིའི་གནས་བབ་ཁོ་ནར་བསམ་བློ་གཏོང་བཞིན་པ་དེ་ཁེ་ཕན་ཟ་སྤྱད་ཙམ་མ་གཏོགས་བོད་མི་མང་ལ་ཕན་རེ་མེད་པས། བོད་ལ་མི་ཕན་པར་མི་ཁ་ཤས་ཕན་བསྡད་པ་ཞིག་ལ་སྒེར་དོན་ལས་བོད་དོན་ཞེས་འབོད་རུང་ངམ།
སྐུ་ངོ་རྩོམ་སྒྲིག་པ་ལགས། གོང་གསལ་དྲི་བ་དག་མང་ཚོགས་མཐའ་མ་ཞིག་གི་དྲི་བ་ཡིན་པས། བཀའ་ཤག་ལ་དགོངས་བསྐོར་ཞུ་གནང་ཡོང་བར་ཡིད་ཆེས་ཡོད།
ད་དུང་དྲི་བ་དེ་ཚོ་བཀའ་བློན་ཁྲི་བ་ལ་དྲིས་ན་ལན་ཁྱད་མཚར་རེག་མདོག་ཁ་པོ་རེད།