མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བྱུང་རིམ།

བོད་ཀྱི་དུས་བབ།
༢༠༠༨/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཁྱོད་ཚོས་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་སུ་ཁས་ལེན་མ་བྱས་ན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ ༡༩༥༡ ལོར་བཅིངས་གྲོལ་བཏང་བ་བཙན་འཛུལ་དང༌། ད་ལྟའི་གནས་བབས་འདི་བཙན་བཟུང་ཆགས་འགྲོ་ལ། བོད་རིགས་ཡོངས་གཅིག་གྱུར་ཟེར་བ་དེ་ལོ་རྒྱུས་ཐོག་བྱུང་མྱོང་མེད། མངའ་སྡེ་མང་པོར་བསྐྱར་བཅོས་བྱ་དགོས་སྟབས། ཡོང་ཐབས་མེད་པ་ཞིག་རེད་ཟེར་གྱིན་འདུག་ཟེར།

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འཆར་ཅན་གྱི་གོ་སྒྲིག་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༠ ཙམ་གྱི་དགེ་སློབ་ ༡༠༠ ལྷག་ལ་ཉིན་བཅུའི་རིང་ལ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་སྒྲིག་འཛུགས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ངོ་སྤྲོད་བཅས་ཀྱི་ཟབ་སྦྱོང་ཞིག་སྤྲོད་མགོ་བརྩམས་ཡོད་པ་དང༌། ཚེས་ ༢༧ ཉིན་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཡིས་ཉེ་སྔོན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ཞུ་བའི་ཡིག་ཆ་དེའི་སྐོར་དང་འབྲེལ་ཏེ། བོད་རྒྱའི་གནད་དོན་གྱི་བྱུང་རིམ་ངོ་སྤྲོད་བྱས་དོན། ཡིག་ཆ་འདི་ངོ་སྤྲོད་བྱེད་པར་ཐོག་མར་ལོ་དྲུག་ཅུ་ཡས་མས་ཀྱི་རྒྱ་ནག་གི་བྱུང་རབས་ལ་སྡོམ་ཞིག་བརྒྱབས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅི་ལྟར་ཆགས་པ་དང༌། བོད་པ་ད་ལྟའི་གནས་བབ་ལ་ཇི་ལྟར་སླེབས་པ། དམར་པོ་གཅིག་བསྡུད་ལམ་ལུགས་འོག མི་རིགས་ས་གནས་རང་སྐྱོང་ཇི་ལྟར་སླེབས་པ་རེད། དེ་ལྟར་རྒྱབ་ལྗོངས་ཀྱི་གནས་ཚུལ་རགས་ཙམ་མ་ཤེས་ན་ཅུང་གོ་ཁག་ཙམ་ཡོད།

སྤྱི་ལོ་ ༡༩༡༠ ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཆགས་ཡོད། ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆགས་པ་རེད། ལོ་དེའི་སྤྱི་ཟླ་ ༡༠ ནས་བོད་ཀྱི་ས་མཚམས་སུ་རྒྱ་དམག་སླེབས་ཏེ། བོད་རང་བཙན་ལྡན་པའི་རྒྱལ་ཁབ་དེ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་འོག་ཤོར་བ་རེད། ལོ་ཚུགས་དེ་གསལ་བོ་ངེས་དགོས། རྒྱ་ཕྱོགས་ནས་ཆབ་མདོའི་བར་དྲག་པོ་དང་ཆབ་མདོ་ཡན་ཆད་ཞི་བའི་བཅིངས་གྲོལ་ཟེར་གྱིན་ཡོད། ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་ ༡༩༥༩ ལོའི་བར་ང་ཚོས་རྒྱ་ནག་གི་དབང་སྒྱུར་ངོས་ལེན་དང༌། དེའི་འོག་འདུག་རྒྱུའི་ཐབས་ཤེས་བྱས་ཡོད། སྐབས་དེར་རྒྱ་ནག་ལ་རྩ་ཁྲིམས་མེད། རྒྱ་ནག་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་མགོ་ཚུགས་ས་གྲོས་མཐུན་དོན་ཚན་བཅུ་བདུན་དེ་རེད། དེའི་ནང་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་ཡུལ་གྱི་གོམ་པའི་གཤིས་ལུགས། ༧གོང་ས་མཆོག་གི་སྐུ་དབང༌། བོད་ནང་བཅོས་སྒྱུར་ལམ་སང་མི་དགོས་པའི་ཆ་རྐྱེན་བཀོད་ཡོད།

སྤྱི་ལོ་ ༡༩༥༤ ལོར་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་སྟེངས་ནས་རྩ་ཁྲིམས་གཏན་འབེབས་བྱས་པ་རེད། སྐབས་དེར་༧གོང་ས་མཆོག་པེ་ཅིན་དུ་ཕེབས་ཏེ་ལྷ་སའི་དམར་སྲིད་ཨུ་ཡོན་ལྷན་ཁང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ལ་འགྱུར་བ་གཏོང་རྒྱུ་བྱས་ཡོད། མའོ་ཙེ་ཏུང་གི་ཁས་ལེན་བཞིན་ལག་ལེན་བསྟར་ཡོད་ན། ད་ལྟའི་གནས་བབས་འདི་འདྲ་བྱུང་གི་མ་རེད། ༡༩༥༦ ལོར་རྒྱ་ནག་གིས་ལྷ་སར་འཁོར་ལམ་ཤར་སྐྱོད་ཀྱིས་དམག་ཆས་སྐྱེལ་འདྲེན་བྱས་ཏེ། གྲོས་མཐུན་དོན་ཚན་བཅུ་བདུན་རྡོག་རོལ་བཏང་ཡོད། དེར་བརྟེན། ༡༩༥༦ ལོར་༧གོང་ས་མཆོག་རྒྱ་གར་དུ་ཕེབས་སྐབས། སྐྱབས་བཅོལ་དུ་བཞུགས་རྒྱུའི་དགོངས་ཚུལ་ཡོད་ཀྱང༌། སྲིད་བློན་ཀྲུག་ཨན་ལེ་རྒྱ་གར་ལ་ཐེངས་ ༦ ཙམ་ཡོང་སྟེ། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱ་རྒྱུ་དང༌། རང་སྐྱོང་ལྗོངས་ཚད་ལྡན་ཞིག་འཛུགས་རྒྱུའི་ཁས་ལེན་བྱས་སྟབས། ༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཡོད།

སྤྱི་ལོ་ ༡༩༥༩ ལོའི་ཟླ་ ༤ ཚེས་ ༡༧ ཉིན་༧གོང་ས་མཆོག་རྒྱ་གར་ལ་ཕེབས་ཏེ། གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་པ་དང༌། བོད་རང་དབང་རང་བཙན་བསྐྱར་གསོ་བྱ་རྒྱུའི་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་སྤེལ་བ་རེད། འོན་ཀྱང༌། བོད་རང་བཙན་ཟེར་བ་དེ་རྒྱ་ནག་དང་རྒྱལ་སྤྱི། བོད་ནང་གི་གནས་སྟངས་གང་ཅིའི་ཐད་ནས་ཡོང་ཐབས་མེད་པ་གསལ་བོ་ཆགས་ཤིང༌། སྟོབས་ཤུགས་བདེན་པ་ལས་ཤུགས་ཆེན་ཆགས། ད་ལྟའི་འཛམ་གླིང་མཉམ་འབྲེལ་སྒྲིག་འཛུགས་དེ་འཛམ་གླིང་གི་དམངས་གཙོའི་རིང་ལུགས་ལ་འཐབ་རྩོད་བྱེད་མཁན་ཆེ་ཤོས་དང༌། གཅིག་བསྡུད་དབང་འཛིན་ལམ་ལུགས་ཀྱི་མཚོན་དོན་ཡག་ཤོས་དེ་ཆགས་ཡོད། གང་ཡིན་ཟེར་ན། རྒྱལ་ཁབ་ ༡༢༠ ལྷག་གི་འཐུས་མི་ཡོད་རུང༌། ཐག་གཅོད་བྱེད་མཁན་རྒྱལ་ཁབ་གཅིག་རང་ཆགས་ཡོད། ཅེས་གསུངས་བྱུང༌།

ཡང་ཁོང་གིས་དབུ་མའི་ལམ་གྱི་བྱུང་རབས་བརྗོད་དོན། ༡༩༦༨ ལོར་ང་རང་རང་ངྷལ་ཧོར་གྱི་སློབ་སྤྱི་ཡིན་པའི་སྐབས་སུ་༧གོང་ས་མཆོག་གིས་རང་སྐྱོང་གི་ལམ་ཁ་འདམས་ན་བཟང་ཚུལ་གསུངས་པ་ཐོག་མར་ཐོས་པ་ཡིན། རྒྱ་ནག་རིག་གནས་གསར་བརྗེས་ཀྱི་སྐབས་རེད། ༡༩༧༤ ལོ་ནས་དངོས་སུ་གཞུང་འབྲེལ་གྱིས་གོ་བསྡུར་གནང་སྟེ་ལས་རིམ་སྒྲིག་ཡོད་ལ། ༡༩༧༩ ལོར་ཏིན་ཞའོ་ཕེན་གྱིས་རང་བཙན་ལས་གཞན་པར་གོ་བསྡུར་བྱ་འདོད་ཡོད་ཚུལ་བརྗོད་དེ། དབུ་མའི་ལམ་དངོས་སུ་བྱུང་བ་རེད། དེ་ནས་ ༡༩༩༤ ལོའི་བར་སྐུ་ཚབ་ཚོགས་པ་དང་གཟིགས་སྐོར་ཚོགས་པ་ཐེངས་ ༢༠ ཙམ་ཕེབས་ཡོད་ཀྱང༌། བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་མེད་སྟབས། དོན་དག་གང་ཡང་མ་འགྲུབ་པར་འབྲེལ་ལམ་ཆད་ཡོད། ༧གོང་ས་མཆོག་གི་བཀའ་ལྟར། ༡༩༩༧ ལོར་དབུ་མའི་ལམ་ལ་འོས་བསྡུའི་ལས་གཞི་བརྩམས་ཀྱང༌། འོས་བསྡུའི་སྔོན་འགྲོའི་སྐབས། དབུ་མའི་ལམ་ལ་འགྱུར་བ་མེད་པ་བསྐྱར་དུ་ཐག་གཅོད་བྱུང༌། ༡༩༨༧ ལོའི་ཨ་རིའི་གྲོས་ཚོགས་ཀྱི་༧གོང་ས་མཆོག་གི་གསུང་བཤད་དང༌། ༡༩༨༨ ལོའི་སི་ཊ་སི་སྦག་གི་གསུང་བཤད་གཉིས་ལས། སི་ཊ་སི་སྦག་གི་གསུང་བཤད་དེ་ནུས་མེད་ཆགས་ཡོད་པ་ ༡༩༩༡ ལོར་གསལ་བསྒྲགས་བྱས་ཡོད། དེ་དག་འདས་པའི་བྱུང་རབས་རེད་ཟེར།

ཁོང་གིས་མུ་མཐུད་དུ་བོད་རྒྱ་འབྲེལ་མོལ་གྱི་རིམ་པ་ངོ་སྤྲོད་བྱས་དོན། ང་ཚོ་དང་ང་ཚོའི་གྲོགས་པོ་ཚོས་འབད་བརྩོན་བྱས་ཏེ་ ༢༠༠༢ ལོ་ནས་འབྲེལ་བ་བསྐྱར་མཐུད་བྱུང་སྟེ། ད བར་འབྲེལ་མོལ་ཐེངས་བརྒྱད་དང་ཟུར་དུ་ཐེངས་གཅིག་སྡོམ་པའི་ཐེངས་ ༩ བྱུང་ཡོད། འདི་དག་གི་སྐབས་སུ་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་ཡོད། དེ་ནི་སྐུ་ཚབ་ཚོགས་པའི་བརྒྱུད་ལམ་གཅིག་གིས་རང་སྲིད་རང་སྐྱོང་གི་གྲོས་གཞི་གཅིག་དེ་རྩལ་དུ་བཏོན་ནས་བཤད་པ་རེད། ཐེངས་བཞི་བ་ལྔ་བའི་སྐབས། ཕྱོགས་གཉིས་ཀྱི་འགལ་ཟླ་ཆེ་ཤོས་ཁ་གསལ་དུ་ཕྱིན་ཡོད། དེ་ནི་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་པ་བོད་ཕྱོགས་ནས་ཁས་ལེན་ཐབས་མེད་པ་དང༌། བོད་རིགས་ཡོངས་གཅིག་གྱུར་རྒྱ་ཕྱོགས་ནས་ཁས་ལེན་ཐབས་མེད་པ་དེ་རེད། རྒྱ་ནག་གིས་ཁྱོད་ཚོས་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་སུ་ཁས་ལེན་མ་བྱས་ན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ ༡༩༥༡ ལོའི་བཅིངས་གྲོལ་བཙན་འཛུལ་དང༌། ད་ལྟའི་གནས་བབས་འདི་བཙན་བཟུང་ཆགས་འགྲོ། བོད་རིགས་ཡོངས་གཅིག་གྱུར་ཟེར་བ་དེ་ལོ་རྒྱུས་ཐོག་བྱུང་མྱོང་མེད་ལ། ལྷག་པར་དུ་ད་ལྟ་མངའ་སྡེ་མང་པོར་བསྐྱར་བཅོས་བྱ་དགོས་སྟབས། ཡོང་ཐབས་མེད་པ་ཞིག་རེད་ཟེར་གྱིན་ཡོད། ཅེས་གསུངས་བྱུང༌།

ཁོང་གིས་རྒྱ་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་འཆར་ཟིན་དེའི་སྐོར་ལ་བརྗོད་དོན། འབྲེལ་མོལ་ཐེངས་དྲུག་པའི་རྗེས་སུ་ང་ཚོར་འབྲེལ་མོལ་གྱི་འཆར་གཞི་མེད་ཀྱང༌། ད་ལོའི་སྤྱི་ཟླ་ ༣ པར་བོད་ནང་རླབས་ཆེན་གྱི་དོན་རྐྱེན་བྱུང་སྟབས། ཟླ་ ༥ པར་ནང་ལུགས་ཀྱི་གྲོས་མོལ་བྱུང་སྐབས། རྒྱ་ཕྱོགས་ནས་དགོས་འདུན་བཏོན་པ་བཞིན། ཟླ་ ༧ པའི་ནང་གི་འབྲེལ་མོལ་ཐེངས་བདུན་པ་དེ་བྱུང་བ་རེད། སྐབས་དེར་རྒྱ་ཕྱོགས་ནས་ད་བར་མང་པོ་བཤད་ཀྱང་ཐག་གཅོད་གང་ཡང་བྱུང་མེད། དབུ་མའི་ལམ་ལ་འགྲེལ་བརྗོད་ཡང་འདྲ་མིན་ཡོང་གིན་འདུག ཞི་བའི་དོན་ཚན་ལྔ་དང༌། གྲོས་འཆར་དོན་ཚན་བདུན་དེ་ཡོང་ཐབས་མེད་པ་ཞིག་རེད། ཁྱོད་ཚོའི་དགོས་འདུན་གྱི་རང་སྐྱོང་ངོ་མ་དེ་གང་འདྲ་ཞིག་ཡིན། དེར་ང་ཚོས་ཉན་འདོད་ཡོད་ཟེར་བ་བཞིན། ང་ཚོས་ཡིག་ཆ་འདི་སྤྲད་པ་རེད། ཡིག་ཆ་འདིའི་ནང་འབྲེལ་མོལ་ཐེངས་དང་པོ་ནས་བཤད་པ་གཅིག་ཀྱང་མ་ལུས་པར་བཀོད་ཡོད།

ཡིག་ཆ་འདིའི་ནང་དོན་དང་སི་ཊ་སི་སྦག་གི་གསུང་བཤད་གཉིས་ལ་ཁྱད་པར་ཡོད། སི་ཊི་སི་སྦག་གི་གསུང་བཤད་དེར་ཧོང་ཀུང་དང་འདྲ་བོ་ཞིག་གསུངས་ཡོད། གཞི་རིམ་གྱི་ཁྲིམས་དང༌། དམངས་གཙོའི་ལམ་སྲོལ་ལོགས་སུ་ཡོད། འབྲེལ་མོལ་རམ་པའི་སྐབས་སུ་དེ་ཡོང་ཐབས་མེད་པ་གསལ་བོ་ཆགས་ཡོད་སྟབས། ༢༠༠༤ ཡས་མས་ནས་༧གོང་ས་མཆོག་དང༌། བཙན་བྱོལ་གཞུང་གི་བཞེངས་ཕྱོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་ཞིག་བྱུང་ན། ང་ཚོའི་མངོན་འདོད་འགྲུབ་ཡོད་ཅེས། གཞི་རིམ་གྱི་ཁྲིམས་དང་དམངས་གཙོའི་ལམ་སྲོལ་དགོས་ལབ་མེད། ཡིག་ཆ་འདིའི་གཞི་འཛིན་ས་རྒྱ་ནག་གི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས། རང་སྐྱོང་བཅའ་ཁྲིམས་ཐད་བཏོན་པའི་རྒྱབ་ཤ་དཀར་པོ་གསུམ་ལུང་འདྲེན་བྱས་ཡོད་ཟེར།

ཡང་ཁོང་གིས་མི་རིགས་ས་གནས་རང་སྐྱོང་སྐོར་འགྲེལ་བཤད་བྱས་དོན། རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ། མི་རིགས་ཆེན་པོའི་རིང་ལུགས་དང༌། ས་གནས་མི་རིགས་རིང་ལུགས་མེད་པ་བཟོས་ཏེ། གྲངས་ཉུང་མི་རིགས་ལ་སོ་སོའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་བདག་དབང་སྤྲོད་ཆེད་ཡིན། རྩ་ཁྲིམས་དོན་ཚན་ ༡༡༢ ནས་ ༡༢༢ བར་གྲངས་ཉུང་མི་རིགས་ལ་དགོས་པའི་གནས་ཚུལ་རེ་རེ་བཞིན་བཀོད་ཡོད། དེ་ལག་ལེན་བསྟར་ཐབས་ལ་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་བཟོས་ཡོད། སྤྱིར་བཅའ་ཁྲིམས་དང་རྩ་ཁྲིམས་གཉིས་ཀ་ཡང་དག་པ་ཡིན། འོན་ཀྱང༌། རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀ་ཤོག་བུའི་སྟེང་ཡོད་པ་ལས་ལག་ལེན་ལ་གཅིག་ཀྱང་བསྟར་མེད། དེར་བརྟེན། ང་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་གང་ལའང་འགྱུར་བ་གཏོང་མི་དགོས། དེའི་ནང་གང་ཡོད་པ་དངོས་སུ་ལག་ལེན་བསྟར་དགོས་ཟེར་གྱིན་ཡོད།

མཇུག་མཐར། ཁོང་གིས་སློབ་མ་ཚོའི་དྲི་བར་ལན་འདེབས་དང་། ད་ལྟ་རྒྱ་ནག་གིས་འཁྱོག་བརྗོད་བྱེད་བཞིན་པའི་གནད་དོན་ཁག་ཅིག་གི་ཐད་གསལ་བཤད་བྱས་དོན། སྔོན་མ་དྲུག་བཅུ་རེ་གསུམ་གྱི་བཅའ་ཁྲིམས་ཟིན་བྲིས་ནང་བོད་ཀྱི་ཆབ་འབངས་ཟེར་གྱིན་ཡོད་ཀྱང༌། ང་ཚོ་དམངས་གཙོའི་ལམ་སྲོལ་དུ་སྒྱུར་རྗེས་བོད་ཀྱི་ཡུལ་མི་ཞེས་བཀོད་ཡོད། བོད་རིགས་ཡོངས་ལ་ཟེར་བ་དེ་གཙོ་ཆེ་ཤོས་བོད་ཆོལ་ཁ་གསུམ་དེ་རེད། ཆོལ་ཁ་གསུམ་གྱི་ཕྱི་ལོགས་ཀྱི་མི་རིགས་གཞན་གྱི་རང་སྐྱོང་ཁུལ་དང༌། རང་སྐྱོང་རྫོང་དུ་སྒྲིལ་ཡོད་པའི་བོད་རིགས་དེ་དག་ཚུད་དགོས་ལ། ཆོལ་ཁ་གསུམ་གྱི་ཁོངས་གཏོགས་གང་རུང་ཡིན་ཡང༌། ད་ལྟ་ས་གནས་གཞན་དུ་གཞི་ཆགས་ཡོད་པ་དེ་རིགས་ཀྱང་ཚུད་དགོས། ཅེས་དང༌།

བོད་པ་དུམ་བུ་གཅིག་གི་ས་ཁུལ་ལ་རང་བཙན་ཐོབ་པ་ལས་བོད་མི་བརྒྱ་ཆའི་བརྒྱ་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་ཐོབ་ན། དེ་བོད་རིགས་ཀོང་བུ་གཅིག་གྱུར་ལ་རླབས་ཆེན་གྱི་ཁེ་ཕན་ཆེན་པོ་ཡོང་གི་རེད། ང་ཚོས་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་ཟེར་བའི་གལ་གནད་དེ། མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ལ་ཐུག་ཡོད། མཱ་ཁུ་སི་དང་ལེ་ཉེན། མའོ་གསུམ་ཀའི་མི་རིགས་ས་གནས་རང་སྐྱོང་གི་དམིགས་ཡུལ་དེ། ས་གནས་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིགས་གཞུང་སོགས་མི་རིགས་ཆེན་པོའི་བཙན་གནོན་འོག་མི་འགྲོ་ཆེད་རེད།

རྒྱ་ནག་གི་སྲིད་ཇུས་ནང༌། མང་པོ་ཁ་ཐོར་དང་ཉུང་ཉུང་མཉམ་སྡོད། ཅེས་མང་པོ་ཁ་ཐོར་ཡོད་ན་མི་རིགས་རང་སྐྱོང་སྤྲོད་དགོས། ཉུང་ཉུང་མཉམ་སྡོད་ཡིན་ན་མི་རིགས་ས་གནས་རང་སྐྱོང་སྤྲོད་དགོས་ལབ་ཡོད། བོད་དེ་མཐོ་སྒང་ལ་བཀྲམས་ཡོད་ཀྱང་ཁ་ཐོར་མེད། མུ་མཐུད་ནས་གནས་ཡོད། མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཚང་ཡོད།

རྒྱ་ནག་གིས་ཡིག་ཆ་འདིའི་ནང་བོད་ཡིག་རྐྱང་བ་ལས་རྒྱ་ཡིག་གི་དགོས་མཁོ་བཀོད་མི་འདུག ཁ་བྲལ་གྱི་འདོད་ཚུལ་ཡོད་པ་གསལ་བོ་རེད་ཟེར་གྱིན་ཡོད། ང་ཚོས་རྒྱ་ཡིག་མི་དགོས་གང་དུའང་ལབ་མེད། རང་སྐྱོང་ས་ཁོངས་ནང་སྐད་ཡིག་གཙོ་བོ་དེ་བོད་ཡིག་བྱ་དགོས་སྐོར་བཀོད་ཡོད།

བོད་པའི་གཞུང་དེ་ཆོས་སྲིད་ཟུང་འབྲེལ་རེད་ཟེར་ཆོག་ཀྱང༌། ཆོས་ཀྱི་སྒྲིག་འཛུགས་དང་སྲིད་ཀྱི་སྒྲིག་འཛུགས་སོ་སོར་དབྱེ་རྒྱུ་རྒྱུ་གལ་ཆེན་པོ་རེད། ང་ཚོས་ངོས་ལེན་བྱེད་ཀྱིན་ཡོད་ཀྱང༌། ཆོས་དང་སྲིད་གཉིས་ལོགས་སུ་ཕྱེ་རྒྱུ་ཧ་ལམ་མེད། ཆབ་སྲིད་ཆོས་བཞིན་དུ་བསྐྱང་དགོས་ན་དེ་གཉིས་ལོགས་སུ་ཕྱེ་རྒྱུ་མེད།

ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག་ཟེར་བ་དེར། རྒྱ་ཕྱོགས་ནས་ང་ཚོས་བོད་ནང་མི་རིགས་གཙང་སེལ་བྱ་རྒྱུའི་ལས་འགུལ་བརྩམ་འདོད་འདུག་ཟེར་གྱིན་ཡོད། ང་ཚོས་མི་རིགས་གཙང་སེལ་བྱ་རྒྱུ་ནམ་ཡང་ལབ་ཀྱིན་མེད། ང་ཚོས་ནང་མི་ཕྱི་ལ་འགྲོ་བ་དང་ཕྱི་མི་ནང་དུ་ཡོང་བའི་ཚད་འཛིན་སྐོར་བཤད་ཀྱིན་ཡོད། ཅེས་གསུངས་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese