ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་
པ་དོན་འགྲུབ་བཀྲ་ཤིས་བོད་གཞུང་དཔལ་འབྱོར་ལས་ཁུངས་སུ་བསྐྱོད་དེ། དེང་གི་འཛམ་གླིང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་དང་འབྲེལ་ཏེ། རྒྱ་དཀར་ནག་གཙོས་པའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་གནས་བབ། དེ་བཞིན་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ནང་འཛམ་གླིང་དཔལ་འབྱོར་ཉམས་ཉེས་ཀྱི་ཤུགས་རྐྱེན་ཐེབས་མིན་བཅས་བཀའ་འདྲི་ཞུས་སྐབས། བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་ཟླ་བ་ལགས་ཀྱིས། ང་ཚོའི་དཔལ་འབྱོར་ལས་ཁུངས་སུ་དཔལ་འབྱོར་ཆེད་མཁས་པ་དང་གནད་དོན་འདི་རིགས་ཐད་ཉམས་ཞིབ་པ་དེ་འདྲ་མེད་སྟབས། ཁྱེད་ཀྱི་དྲི་བར་ལན་རྒྱག་ཐུབ་མཁན་མེད་མོད། ཉེ་ཆར་ཨ་རི་ནས་གསར་དུ་ཕེབས་པའི་དཔལ་འབྱོར་སྲིད་བྱུས་ཉམས་ཞིབ་པ་ཚེ་དབང་རྟ་མགྲིན་ཞུ་བ་ཞིག་ཡོད། ཁོང་སྐད་བཏང་སྟེ་ང་ཚོས་བགྲོ་གླེང་གི་ཚུལ་དུ་བཀའ་མོལ་གནང་ཆོག་ཟེར། དེ་ནས་དཔལ་འབྱོར་ཉམས་ཞིབ་པ་ཚེ་དབང་རྟ་མགྲིན་ལགས་ཕེབས་ཏེ། དྲུང་འཕར་ཟླ་བ་ལགས་དང་ཉམས་ཞིབ་པ་ཚེ་དབང་རྟ་མགྲིན་གཉིས་དང་ལྷན་དུ་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་རྒུད་དང་འབྲེལ་ཏེ། བོད་ཕྱི་ནང་གི་དཔལ་འབྱོར་ལ་འགྱུར་བ་འགྲོ་མིན་ཐད་སྐད་ཆ་བྱུུང་བ་དག་གཤམ་དུ་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་ཡོད།
དྲི་བ། ཐོག་མར་ཉམས་ཞིབ་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཉིད་ཀྱི་སློབ་སྦྱོང་དང་དཔལ་འབྱོར་ཉམས་ཞིབ་ཀྱི་བརྒྱུད་རིམ་དང་འབྲེལ། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་བྱུང་རིམ་ངོ་སྤྲོད་ཅིག་གནང་རོགས།
ལན། ང་རང་རྒྱ་གར་ནས་འཚར་ལོངས་བྱུང་ཞིང༌། འཛིན་གྲྭ་གཉིས་པ་ནས་དགུ་བའི་བར་སིམ་ལ་སློབ་གྲྭ་དང༌། འཛིན་གྲྭ་བཅུ་པ་ནས་བཅུ་གཉིས་བར་མཱ་སུ་རི་བོད་ཁྱིམ་ནས་ཚན་རིག་ཆེད་སྦྱོང་དང༌། དེའི་རྗེས་གྷོ་རཱ་པུར་མཐོ་སློབ་ནས་ལོ་བཞིའི་རིང་གློག་གི་སྐོར་ལ་ཆེད་སྦྱོང་ཐོན་རྗེས་ངྷ་སྟེང་བོད་ཁྱིམ་གྱི་འཛིན་གྲྭ་བརྒྱད་པ་དགུ་བ་བཅུ་བ་བཅས་ཀྱི་དངོས་ལུགས་དགེ་རྒན་བྱས་པ་ཡིན། སྐབས་དེར་གཞུང་གི་སློབ་ཡོན་རག་སྟེ་ཨ་རིའི་ནའེ་ཡོག་ཏུ་ལོ་གཉིས་ལ་ཚོང་ལས་སྐོར་ལ་ཆེས་མཐོའི་རིག་གནས་རབ་འབྱམས་པར་སློབ་སྦྱོང་བྱས་ཤིང༌། ༡༩༩༨ ལོ་ནས་ ༢༠༠༨ ལོའི་བར་གྲོང་ཁྱེར་ནའེ་ཡོག་གི་དངུལ་ཁང་ཆེ་ཤོས་སེ་ཊེ་ནས་ལས་ཀ་བྱས་པ་ཡིན། ད་ལོའི་སྤྱི་ཟླ་ ༧ པའི་ནང་རྒྱ་གར་དུ་ཡོང་སྟེ། བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་དང་བླངས་ཐོག་ལས་ཀ་བྱེད་མུས་ཡིན།
དེང་གི་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་མགོ་འཛུགས་ས་གཙོ་བོ་ཨ་རི་ཆགས་ཡོད། སྤྱིར་བཏང་འཛམ་གླིང་གི་དཔལ་འབྱོར་དེ་ལོ་བཅུ་གྲངས་རེའི་མཚམས་སུ་དར་རྒུད་ཡང་ཡང་ཡོང་གིན་ཡོད། འོན་ཀྱང༌། ཐེངས་འདིའི་དཔལ་འབྱོར་ཉམས་རྒུད་དེ་མི་ཚང་མས་དམིགས་བསལ་ཞིག་ཏུ་རྩི་བཞིན་ཡོད། དགུ་བཅུ་གོ་གྲངས་ལ་གློག་ཀླད་ཤུགས་ཆེན་དར་སྐབས། གློག་ཀླད་སྡེ་ཚན་མང་པོ་བཙུགས་ཏེ་ཉམས་རྒུད་ཐེངས་གཅིག་བྱུང་ཡོད། སྤྱིར་ཨ་རིའི་དཔལ་འབྱོར་དར་བའི་སྐབས་སུ་ལས་མེད་བརྒྱ་ཆ་ ༤ ཙམ་རེད། ཐེངས་འདི་ཨ་རིའི་ལོ་རྒྱུས་ཐོག་གི་དཔལ་འབྱོར་ཉམས་རྒུད་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད། ཨ་རིའི་དཔལ་འབྱོར་ཉམས་རྒུད་ཨང་དང་པོའི་སྐབས་སུ་ལས་མེད་བརྒྱ་ཆ་ ༣༥ ཙམ་བྱུང་ཡོད། ཐེངས་འདིར་ལས་མེད་བརྒྱ་ཆ་ ༧ དང་ཕྱེད་བྱུང་ཡོད།
དྲི་བ། ཐེངས་འདིར་ཨ་རིར་དཔལ་འབྱོར་ཉམས་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་དང༌། ཨ་རིའི་དཔལ་འབྱོར་ཉམས་ཉེས་དེ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་སུ་གྱུར་དོན་ཅི་ཡིན་ནམ།
ལན། ཨ་རིའི་དཔལ་འབྱོར་ཉམས་ཉེས་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཁང་པ་ཉོ་ཚོང་ལས་བྱུང་བ་རེད། ཁང་བ་ཉོ་མཁན་མང་པོ་བྱུང་བ་དང་བསྟུན་ཏེ་ཁང་བའི་གོང་ཚད་མཐོན་པོར་ཕྱིན་སྟབས། དཔེར་ན། དགུ་བཅུ་གོ་གྲངས་ལ་ཁང་པ་ཞིག་ལ་ཨ་སྒོར་ཁྲི་ ༦ ཡིན་ན། ༢༠༠༧ ལོར་ཁང་བ་དེར་ཨ་སྒོར་ཁྲི་ ༡༧ ལ་འཕར་བ་རེད། མང་པོ་ཞིག་གིས་ཁང་བའི་ཉོ་ཚོང་ཐོག་ནས་ཁེ་སྤོགས་ཆེན་པོ་བླངས་ཡོད། དངུལ་ཁང་དག་གིས་ཀྱང་ཁེ་སྤོགས་དེའི་ཆ་ཤས་ལེན་ཆེད། ཡོང་འབབ་དང་མ་རྩ་ཡོད་མེད་ལ་མ་ལྟོས་པར་དངུལ་གཡར་ཡོད། དངུལ་ཁང་གིས་དངུལ་གང་འདོད་དུ་གཡར་དོན་ནི་རྗེས་མ་གལ་སྲིད་དངུལ་བུན་ཕྱིར་སྤྲོད་མ་ཐུབ་ན། དངུལ་གཡར་མཁན་ཚོའི་ཁང་པ་གཏའ་མར་ལེན་པ་དང་གཞུང་བཞེས་བྱས་ན། སྐབས་དེར་ཁང་བའི་གོང་ཚད་ལྡབ་འགྱུར་གྱིས་འཕར་ཡོད་སྟབས། ཁེ་སྤོགས་ཆེན་པོ་རག་པར་རྩིས་བརྒྱབས་ཡོད། ཐོག་མར་མང་པོ་ཞིག་ལ་ཁེ་སྤོགས་དེ་རག་ཡོད། དེར་བརྟེན། རྒྱལ་ཁབ་གཞན་གྱི་དངུལ་ཁང་མང་པོས་ཀྱང་འཁྲུག་ཆ་དོད་པོའི་ཁང་བའི་ཁེ་སྤོགས་ལེན་རྒྱུར་ཧམ་སེམས་བཅངས་ཏེ། ཨ་རིའི་དངུལ་ཁང་ཆེ་ཁག་དང་ལག་འབྲེལ་བྱས་ཡོད་སྟབས། ཁང་པའི་རིན་གོང་མར་ཆགས་མ་ཐག རྒྱལ་ཁབ་དེ་དག་ལའང་རང་བཞིན་གྱིས་གྱོང་གུད་ཚབས་ཆེན་ཕོག་ཡོད།
དྲི་བ། ཐེངས་འདིའི་འཛམ་གླིང་དཔལ་འབྱོར་ཉམས་ཉེས་དེ་ཨ་རིའི་ཁང་པ་ཉོ་ཚོང་ལས་བྱུང་བ་ཡིན་ན། ཨ་རིའི་ཁང་པའི་རིན་གོང་མར་ཆག་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།
ལན། སྤྱིར་བཏང་དཔལ་འབྱོར་རིག་པའི་ཐོག་ནས་བཤད་ན། དངོས་པོ་ཅི་ཞིག་ཡིན་རུང་ཉོ་མཁན་དང་བཙོང་མཁན་གྱི་བར་ཁྱད་ལ་ཐུག་ཡོད། དཔེར་ན། ངྷ་སར་མཚོན་ན། ཁང་བ་ཉོ་མཁན་མང་པོ་ཡོད་སྟབས། ངྷ་སའི་ཁང་བའི་རིན་གོང་མཐོན་པོ་ཆགས་ཡོད་པ་བཞིན། ཨ་རིར་ཁང་བ་ཉོ་མཁན་མང་དུ་བྱུང་སྟེ། ཡོང་འབབ་དང་མ་རྩ་ཡོད་མེད་གཉིས་ཀར་དངུལ་ཁང་ནས་དངུལ་གང་འདོད་གཡར་ཏེ། སོ་སོའི་གནས་བབ་ལས་རྒལ་བའི་ཁང་བ་ཉོས་ཤིང༌། ཁང་བའི་རིན་གོང་ཚད་ངེས་ཅན་དུ་འཕར་བའི་སྐབས་དེར་ཕྱུག་པོ་མང་ཆེ་བས་ཁང་བ་ཉོས་ཟིན་ཞིང༌། དཔལ་འབྱོར་སྐྱོ་བོའི་རིགས་ཀྱིས་ཉོ་མ་ཐུབ་པ་ཆགས་ཏེ། ཁང་བའི་རིན་གོང་བསྐྱར་དུ་ལྷུང་མགོ་ཚུགས་ཤིང༌། དངུལ་ཁང་མང་ཆེ་བར་དངུལ་མེད་པ་ཆགས་ཏེ། ཁྲོམ་ར་དང་ཚོང་པ། བཟོ་གྲྭ དཔལ་འབྱོར་འདུ་འགོད་ཀྱི་སྡེ་ཚན་ཚང་མར་དངུལ་མ་རག་པར་ཚོང་ལས་ཀྱི་མ་རྩ་ཆུང་ཆུང་ལས་འཁོར་སྐྱོད་བྱེད་མ་ཐུབ་པ་ཆགས་ཤིང༌། དངུལ་ཁང་མང་པོ་ཞིག་གི་སྒོ་རྒྱག་དགོས་པ་བྱུང་ཡོད། སྐབས་དེར་ཨ་རི་དང་ཡུ་རོབ་སོགས་ཀྱི་དངུལ་ཁང་ཆེ་ཁག་རྒྱལ་ཁབ་གཞུང་གིས་ཉོ་དགོས་པ་ཆགས་པ་རེད།
དྲི་བ། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང༌། ལྷག་པར་དུ་རྒྱ་དཀར་ནག་ལ་དཔལ་འབྱོར་ཉམས་རྒུད་ཐེབས་ཀྱིན་ཡོད་མེད་དང༌། ཡོད་ན་ཇི་ལྟར་ཐེབས་ཀྱིན་ཡོད་དམ།
ལན། རྒྱ་ནག་ལ་མཚོན་ན། ཐོན་སྐྱེད་བྱས་པའི་ཅ་དངོས་རིགས་ཕྱིར་བཙོང་བྱ་དགོས་པ་རེད། ལྷག་པར་དུ་ཨརིར་འབོར་ཆེན་འཚོང་གིན་ཡོད། ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་སོང་བ་དང་བསྟུན་ཏེ། རྒྱ་ནག་གི་ཅ་དངོས་ཕྱིར་གཏོང་གི་ལམ་ཁ་ཆེ་ཤོས་གཅིག་འགག་ཡོད། དེང་སྐབས་རྒྱ་ནག་གི་བཟོ་གྲྭ་མང་པོ་སྒོ་བརྒྱབས་ཏེ། ལས་ཤོར་བ་ས་ཡ་མང་པོ་འབྱུང་གིན་ཡོད། དེ་བཞིན་ཉི་ཧོང་ལ་མཚོན་ན། ཊོ་ཡོ་ཊ་རླངས་འཁོར་ལས་ཁུངས་ཀྱི་ལོ་ངོ་ ༧༠ ལྷག་གི་ལོ་རྒྱུས་ནང་གྱོང་གུད་ཐོག་མ་དེ་བྱུང་ཡོད། དེ་མིན་གྱི་རླངས་འཁོར་བཟོ་གྲྭ་ཁ་ཤས་སྒོ་རྒྱག་དགོས་བྱུང་ཡོད། ཨ་རི་དང་རྒྱ་གར་བར་གློག་ཀླད་ཀྱི་འབྲེལ་བ་ཤུགས་ཆེན་ཡོད་པ་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་གློག་ཀླད་སྡེ་ཚན་ཆེ་ཤོས་དག་རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་ཡོད་ལ། རྒྱ་གར་གྱིས་གློག་ཀླད་མ་ལག་མང་པོ་ཞིག་ཕྱིར་གཏོང་བྱེད་ཀྱིན་ཡོད་ལ། ལས་ཀ་བྱེད་མཁན་མང་པོ་ཞིག་རྒྱ་གར་བ་རེད། དེ་དག་ལ་གླ་ཆ་ཨ་རི་ནས་སྤྲོད་ཀྱིན་ཡོད། ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་སོང་བ་དང་བསྟུན་ཏེ། རྒྱ་གར་གྱི་ཨེན་ཧཕོ་སེ་བཟོ་གྲྭའི་འཕེལ་རྒྱས་བརྒྱ་ཆ་ ༧ མར་ལ་ཆགས་འདུག སྔོན་མ་ལོ་རེར་བརྒྱ་ཆ་ ༡༥ འཕེལ་གྱིན་ཡོད། དེ་བཞིན་ལྕགས་ཀྱི་བཟོ་གྲྭ་མང་པོར་གྱོང་གུད་ཐེབས་གིན་ཡོད། རྒྱལ་ཁབ་གང་ཡིན་རུང་ཕྱིར་གཏོང་ཅ་དངོས་ཀྱི་བཟོ་གྲྭ་ཚང་མར་གྱོང་གུད་ཐེབས་ཀྱི་རེད།
དྲི་བ། གལ་སྲིད་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཁྲོད་རྒྱ་ནག་ལ་གྱོང་གུད་ཚབས་ཆེན་ཐེབས་པ་ཡིན་ན། བོད་ནང་གི་དཔལ་འབྱོར་གནས་བབ་ལ་ཤུགས་རྐྱེན་དང་འགྱུར་ལྡོག་ག་འདྲ་ཡོང་གི་རེད།
ལན། བོད་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་གི་མ་རེད་སྙམ། གང་ཡིན་ཟེར་ན། བོད་པ་རང་ལ་ཕྱིར་གཏོང་བྱེད་བཞིན་པའི་ཅ་དངོས་དང་བཟོ་གྲྭ་ཆེན་པོ་ཡོད་པ་མ་རེད། དེ་བཞིན་བོད་པ་ཚོང་བྱེད་མཁན་ཉུང་ཉུང་རེད། བོད་པ་ཕལ་ཆེ་བ་ཞིང་ལས་དང་འབྲོག་ལས་རེད། འོན་ཀྱང༌། ཤུགས་རྐྱེན་གང་ནས་ཐེབས་ཀྱི་རེད་ཟེར་ན། རྒྱ་ནག་ནང་ལ་སྐྱེལ་འདྲེན་བྱེད་བཞིན་པའི་བོད་ནང་གི་འབྲོག་པ་ཚོའི་ཐོན་རྫས་རིགས་ཀྱི་རིན་གོང་ཅུང་མར་ཆགས་སྲིད་པ་དང༌། ཡུལ་སྐོར་སྤྲོ་འཆམ་པ་ཉུང་དུ་འགྲོ་གི་རེད། བོད་ནང་ཡོང་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་ཆེ་བ་རྒྱ་རིགས་གཞོན་སྐྱེས་དག་རེད། ལས་ཀ་ཤོར་བ་དང་ཚོང་ལས་བརྡིབས་ན་དངུལ་ཡོད་པ་མ་རེད། དེར་བརྟེན། བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཉུང་དུ་འགྲོ་གི་རེད། དེ་བཞིན། བོད་ཡུལ་གྱི་ཐོན་དངོས་རྩ་ཆེན་རིགས་ཀྱི་རིན་གོང་ཆགས་འགྲོ་གི་རེད་སྙམ།
དྲི་བ། བོད་བཙན་བྱོལ་གཞུང་དམངས་གཉིས་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ལ་བརྟེན་ཡོད་སྟབས། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་བཙན་བྱོལ་ནང་ཐེབས་སྲིད་དམ།
ལན། བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་ཕྱི་རྒྱལ་གྱི་རོགས་དངུལ་ལ་བརྟེན་ཡོད་པ་རེད། ཨ་རི་དང་ཡུ་རོབ་ལ་མཚོན་ན་དཔལ་འབྱོར་ཅི་ཙམ་ཡར་རྒྱས་སུ་སོང་བ་དེ་ཙམ་གྱིས་རྒྱལ་ཁབ་སྐྱོ་བོའི་རིགས་ལ་རོགས་རམ་དང༌། ཆབ་སྲིད་ཀྱི་དཀའ་རྙོག་ཐད་དངུལ་གཏོང་གིན་ཡོད། དེ་བཞིན་ཨ་རིའི་ཕྱུག་བདག་སྒེར་བ་ཕལ་ཆེ་བས་སོ་སོའི་མིང་ཐོག་ལ་ཐེབས་རྩ་བཙུགས་ཡོད། དེར་དམིགས་ཡུལ་གཉིས་ཡོད། དང་པོ། སོ་སོའི་ཆེད་ཡིན། ཐེབས་རྩ་བཙུགས་ན་གཞུང་ལ་ཁྲལ་ཉུང་དུ་འགྲོ་གི་རེད། གཉིས་པ། ཆ་རྐྱེན་སྐྱོ་བོའི་རིགས་ལ་རོགས་རམ་བྱས་ན་མིང་གྲགས་ཐོབ་གི་རེད། རྒྱལ་ཁབ་སྤྱིའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ན། ཐེབས་རྩ་ཁག་དངུལ་དང་ཐད་ཀར་འབྲེལ་བ་ཡོད་སྟབས་རང་བཞིན་གྱིས་དཀའ་ངལ་འཕྲད་ཀྱིན་ཡོད། དེར་བརྟེན། རྒྱལ་ཁབ་གཞུང་མ་ཡིན་པའི་སྒེར་གྱི་རོགས་ཚོགས་ཁག་ལ་བརྟེན་པའི་བཙན་བྱོལ་བོད་པའི་དཔལ་འབྱོར་ཡོང་ཁུངས་ཁག་ལ་ཏན་ཏན་ཤུགས་རྐྱེན་ཐེབས་གི་རེད་སྙམ། གོ་ཐོས་ལྟར་ན། དཔེ་མཛོད་ཁང་གི་ཉི་ཧོང་གི་རོགས་ཚོགས་ཤིག་གིས། ད་ལོའི་དཔལ་འབྱོར་ཉམས་རྒུད་ཀྱིས་ང་ཚོར་དཀའ་ངལ་སྤྲད་ཡོད་སྟབས། རོགས་སྐྱོར་མཚམས་འཇོག་བྱ་རྒྱུ་ཡིན་ཞེས། རོགས་དངུལ་བཀག་འདུག་ཟེར། ཨ་རི་དང་ཁེ་ན་ཌར་ཁྱིམ་བདག་གི་བུ་ཕྲུག་ལྟ་སྐྱོང་བྱེད་མཁན་བོད་པ་མང་པོ་ཡོད། ལོ་འདི་འགར་ཁོང་ཚོའི་ལས་ཀ་ཤོར་གྱིན་འདུག་ཟེར། དེ་ནི་ཁོང་ཚོའི་ཁྱིམ་བདག་གི་ལས་ཀ་ཤོར་ཏེ་ནང་དུ་བསྡད་ཡོད་སྟབས། བུ་ཕྲུག་ལ་ལྟ་སྐྱོང་བྱེད་མཁན་མ་དགོས་པ་རེད།
དྲི་བ། བཙན་བྱོལ་གཞུང་དམངས་ཀྱི་ངོས་ནས་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་སྔོན་འགོག་བྱེད་ཐབས་དང༌། ཡང་ན་དེ་ལ་འབབ་པའི་གྲ་སྒྲིག་དང་ལས་འཆར་བཟོ་རྒྱུ་ཡོད་དམ།
ལན། དཔལ་འབྱོར་ཉམས་རྒུད་དེར་ལམ་སེང་ཁ་གཏད་གཅོག་པ་དང་སྔོན་འགོག་བྱ་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། ང་ཚོར་རང་དབང་མེད་པར་གཞན་ལ་བརྟེན་ཡོད། གཞན་བརྟེན་གྱི་དཔལ་འབྱོར་ཡོང་ཁུངས་ལ་ཡིད་རྟོན་ཡོད་པ་མ་རེད། འོན་ཀྱང༌། ད་ལྟ་གཞུང་གི་འགྲོ་གྲོན་གྱི་བརྒྱ་ཆའི་ལྔ་བཅུ་རོགས་ཚོགས་ལ་བརྟེན་ཡོད་ན། མ་འོངས་པར་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུ་བོད་རང་གི་མི་དམངས་ཀྱི་དཔྱ་ཁྲལ་དང་ཞལ་འདེབས་སོགས་ཀྱི་ལམ་ནས་འཚོལ་ཐབས་བྱ་དགོས་པ་རེད་སྙམ། ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོས་དང་བླངས་དཔྱ་ཁྲལ་གཙང་འབུལ་བྱ་ཐུབ་ན། ཕན་ཐོགས་ཆེན་པོ་ཡོང་གི་རེད་སྙམ། དེ་ལ་དངུལ་གྱི་གྲངས་ཚད་མཐོ་དགོས་པ་མ་རེད། སྤྲོད་མཁན་གྱི་གྲངས་འབོར་མང་དགོས་པ་རེད། ཚོད་དཔག་བྱས་ན། ད་སྔ་ཨ་རིར་བོད་མི་དཔྱ་ཁྲལ་སྤྲོད་མཁན་བརྒྱ་ཆ་ ༣༠ ཙམ་ཡང་འདང་གིན་ཡོད་པ་མ་རེད་སྙམ། དེ་ཚོ་གྲ་སྒྲིག་བྱ་དགོས་པའི་གྲས་རེད། དེ་བཞིན། གཞུང་གི་ལམ་སྟོན་འོག་གཞིས་ཆགས་ཁག་དང་མང་ཚོགས་རང་ངོས་ནས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་གཞི་འཛུགས་དགོས་པ་རེད། ད་ལོ་བཞིན་འཛམ་གླིང་གི་དཔལ་འབྱོར་ལ་འགྱུར་ལྡོག་ཆེན་པོ་བྱུང་ན་སྦྱིན་བདག་རླག་སྲིད་པ་རེད། ལྷག་པར་དུ་སྒེར་གྱི་རོགས་ཚོགས་ཁག་བརྟན་པོ་ཡོད་པ་མ་རེད།
དྲི་བ། སྐུ་ཉིད་དཔལ་འབྱོར་རིག་པར་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་འཛམ་གླིང་དཔལ་འབྱོར་ཉམས་ཉེས་དེ་ག་དུས་ཤིག་ལ་མཇུག་སྒྲིལ་ཐུབ་པར་ཚོད་དཔག་བྱེད་ཀྱིན་ཡོད་དམ།
ལན། དེའི་ཐད་སུས་ཀྱང་བརྟན་པོ་ཞིག་བཤད་ཐུབ་ཀྱིན་ཡོད་པ་མ་རེད། དཔལ་འབྱོར་རིག་པའི་མཁས་པ་ཁག་ཅིག་གིས། ད་དུང་མུ་མཐུད་དུ་དཔལ་འབྱོར་གྱི་གནས་སྟངས་སྡུག་ཏུ་ཕྱིན་ཏེ། གཞུང་དམངས་གཉིས་ཀར་དངུལ་གྱི་དཀའ་ངལ་འཕྲད་དེ། གནས་ཚུལ་འདྲ་མིན་ཡོང་སྲིད་པ་རེད། གང་ཡིན་ཟེར་ན། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་ཉམས་རྒུད་ཀྱིས་འཛམ་གླིང་ཡོངས་ཟང་ཟིང་བཟོས་ཡོད་ལ། བཟོ་གྲྭ་དང་ཁྲོམ་ར། ཚོང་ཁང་མང་པོ་སྒོ་རྒྱག་དགོས་བྱུང་སྟེ། ལས་ཤོར་བ་ཧ་ཅང་མང་པོ་ཆགས་ཡོད་ཟེར། ཡང་ཁག་ཅིག་གིས། ཉིས་སྟོང་དགུ་ཧྲིལ་བོ་དང་ཉིས་སྟོང་བཅུའི་ལོ་ཕྱེད་ཙམ་ནས་མཇུག་སྒྲིལ་གི་རེད་ཟེར་གྱིན་འདུག འོན་ཀྱང་དེ་རེ་སྨོན་ཙམ་རེད། དངོས་ཡོད་ཐོག་ད་དུང་ལོ་ཁ་ཤས་འགོར་སྲིད་པའི་ཉེན་ཁ་ཞིག་མཐོང་གི་འདུག དེ་ང་རང་སྒེར་གྱི་བསམ་ཚུལ་ཡིན།
དྲི་བ། ཐེངས་འདིའི་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཆེན་མོ་འདི་རྒྱུ་བྱས་ཏེ། ད་ལྟའི་འཛམ་གླིང་གི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་འདྲ་འགྲོ་སྲིད་དམ།
ལན། འཛམ་གླིང་སྤྱིའི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་དམིགས་བསལ་འགྲོ་གི་མ་རེད་སྙམ། ཨ་རི་དང་ཡུ་རོབ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འགྲོ་སྟངས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད། ལྷག་པར་དུ་ཨ་རིའི་སྤྱི་མཐུན་ཚོགས་པས་ད་བར། དཔལ་འབྱོར་ལམ་ལུགས་ལ་གཞུང་གིས་ཐེ་གཏོགས་བྱས་ན་མི་འགྲིག སྒེར་བདག་བྱས་ན་སྒེར་གྱི་ཁེ་སྤོགས་ཆེད་འཐུས་ཤོར་ལ་གཏོང་གི་མ་རེད། ཕྱུག་པོ་ཚོའི་ཁྲལ་ཉུང་དུ་གཏོང་དགོས་ཟེར་གྱིན་ཡོད། ཨ་རིའི་ཕྱུག་བདག་མང་ཆེ་བ་སྤྱི་མཐུན་ཚོགས་པའི་ནང་ཡོད། དམངས་གཙོ་ཚོགས་པས། དཔལ་འབྱོར་སྡེ་ཚན་ལ་གཞུང་གིས་སྟངས་འཛིན་མ་བྱས་ན། མང་ཚོགས་དཀྱུས་མར་གྱོང་རག་འགྲོ་བ་རེད། ཕྱུག་བདག་ཚོའི་ཁྲལ་སྤར་ཏེ། མང་ཚོགས་དཀྱུས་མའི་ཁྲལ་ཉུང་དུ་གཏོང་དགོས་ཟེར་གྱིན་ཡོད། ཐེངས་འདིའི་དཔལ་འབྱོར་ཉམས་རྒུད་ཁྲོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱིས་གཞུང་གིས་དཔལ་འབྱོར་ལ་དོ་དམ་སྟངས་འཛིན་བྱ་དགོས་ཀྱིན་འདུག ཅེས་སྐད་རྒྱག་གིན་ཡོད། དེར་བརྟེན། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད།
དྲི་བ། ཕྱི་རྒྱལ་རོགས་ཚོགས་ཁག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཤེས་ཡོན། འཕྲོད་བསྟེན་བཅས་སུ་རོགས་སྐྱོར་བྱེད་ཀྱིན་ཡོད། གལ་སྲིད་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་བསླེབ་ན་ཕྱོགས་གང་ལ་ཐེབས་སྲིད་དམ།
ལན། ལས་གཞི་འདིའི་ཐད་ཀྱི་རོགས་ཚོགས་ལ་འགྱུར་བ་འགྲོ་རྒྱུ་རེད་ཅེས་བཤད་ཐུབ་པ་མི་འདུག་མོད། སྲིད་དོན་ཐད་རོགས་སྐྱོར་བྱེད་མཁན་ཕལ་ཆེ་བ་གཞུང་ཡིན་སྟབས། འགྱུར་ལྡོག་ཞེ་དྲག་ཨེ་ཡོད་དྲན་ཡོད། དེ་མ་ཡིན་པའི་ལས་གཞི་གཞན་དག་ཕལ་ཆེ་བ་གཅིག་མཚུངས་ཡིན་རྒྱུ་རེད། སྤྱིར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ངོས་ནས་བོད་པའི་གཞུང་དམངས་ལ་རོགས་དངུལ་སྤྲོད་ཀྱིན་ཡོད་པའི་དངུལ་འབོར་ཧ་ཅང་ཉུང་ཉུང་རེད། དཔེར་ན། ཨ་རི་ལྟ་བུར་མཚོན་ན། ཨི་སི་རེལ་དང་ཁ་ཆེ་ལུང་པ་ཁག་ལ་ལོ་རེར་ཨ་སྒོར་དུང་ཕྱུར་བརྒྱ་ཉིས་བརྒྱ་སྤྲོད་ཀྱིན་ཡོད། རྒྱལ་ཁབ་གཞུང་གིས་སྲིད་དོན་ཐད་རོགས་སྐྱོར་བྱེད་ཀྱིན་ཡོད་པ་དག་ལ་འགྱུར་བ་ཆེན་པོ་འགྲོ་གི་མ་རེད། འོན་ཀྱང༌། སྒེར་གྱི་རོགས་ཚོགས་རེ་ཟུང་གི་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད། དེ་ལ་ང་ཚོར་གྲ་སྒྲིག་དགོས་པ་རེད་སྙམ།
དེ་ལྟར་དྲི་བ་མང་ཆེ་བར་ཉམས་ཞིབ་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ལན་འདེབས་གནང་སོང་ལ། མཇུག་མཐར། དྲུང་འཕར་ཟླ་བ་ལགས་ཀྱིས་གསུངས་དོན། སྔོན་མ་ནས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། བཙན་བྱོལ་བོད་མི་ཚང་མས་དཔལ་འབྱོར་རྒྱས་སྤྲོས་མི་བྱེད་པར། མི་རེ་ངོ་རེ་ནས་དངུལ་བསྲི་ཚགས་དང༌། བོད་མིའི་རྩ་དོན་ཐད་གསོག་འཇོག་བྱ་རྒྱུ་གལ་ཆེན་རེད་ཅེས་ཡང་ཡང་གསུང་གིན་ཡོད། ལྷག་པར་དུ་ད་ལོ་བོད་ནང་དོན་རྐྱེན་བྱུང་རྗེས་ཤུགས་ཆེན་པོས་གསུངས་ཡོད། འོན་ཀྱང༌། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱིས་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་བབ་ཐད་ཤུགས་རྐྱེན་ཞེ་དྲག་ཐེབས་རྒྱུ་མ་རེད་སྙམ། གང་ཡིན་ཟེར་ན། རོགས་དངུལ་གྱི་བརྒྱ་ཆ་མང་ཆེ་བ་ཨ་རི་སོགས་རྒྱལ་ཁབ་གཞུང་ནས་བརྒྱུད་ལམ་འདྲ་མིན་སྤྱད་དེ་གནང་གིན་ཡོད་པ་ཞིག་ཆགས་ཡོད་ཅེས་བཙན་བྱོལ་བོད་མིར་སེམས་གསོ་དང་ང་ཚོའི་བགྲོ་གླེང་ལ་མཇུག་སྡོམ་གྱི་ཚུལ་དུ་གསུངས་བྱུང༌།
ཚེ་དབང་རྟ་མགྲིན་ཞུ་བས་སྐད་ཆ་ལ་མང་པོ་ཞིག་གིས་འདོད་པ་ཁེངས་ནས་བསྟོད་པ་བྱེད་ཀྱི་འདུག་ཀྱང་། ངས་དོགས་པ་གཞན་པ་ཞིག་གསལ་བོ་བཟོ་འདོད། མི་འདི་དང་པོ་བོད་གཞུང་གི་སློབ་ཡོན་ཐོབ་ནས་ཨ་རི་ལ་སོང་བ་དང་། ཨ་རིའི་དཔའ་འབྱོར་དར་དུས་དང་ལས་ཀ་མང་དུས་བོད་གཞུང་གིས་གནང་བའི་ཐུགས་རེ་དང་གོ་སྐབས་སྒེར་སྤྱོད་ཀྱིས་ཨ་རིར་ལས་ཀ་བྱས་བསྡད་པ་དང་། དེང་སྐབས་ཨ་རིའི་དངུལ་ཁང་གི་མ་རྩ་བརླག་ནས་ཨ་རིའི་དཔལ་འབྱོར་ཉམས། ལས་ཀ་ཤོར་བ་དང་སླར་ཡང་རྡ་སར་ཡོང་ནས་བོད་གཞུང་གི་ཁོངས་སུ་འཛུལ་གྱི་ཡོད་པ་མིན་འགྲོ་དྲན་སོང་། ཨ་རི་དར་དུས་ཨ་རིར་སོང་། ཨ་རི་ཉམས་དུས་བོད་གཞུང་ལ་ཡོང་བ་མིན་འགྲོ་དྲན་སོང་། དེ་འདྲ་ཡིན་ན་མི་འདྲ་ཞིག་གིས་བོད་གཞུང་ལ་ཕན་ཐོགས་ཀི་མ་རེད་བསམ། ཉིན་ཞིག་ཨ་རིར་ལས་ཀ་འབེལ་དུ་སོང་བ་དང་སླར་ཡང་འཕུར་འགྲོ་གི་རེད། གལ་སྲིད་ངའི་ཚོད་དཔག་ནོར་ཡོད་ན་མ་ཉེས་ཁ་གཡོག་བྱས་པ་ལས་དགོངས་སེལ་ཡོད་ལགས།
very good
ཨ་རིའི་དཔལ་འབྱོར་ཉམས་ཉེས་ཀྱི་འབྱུང་རྩ་གཙོ་བོ་དེ་ཁང་པ་ཉོ་ཚོང་གཅིག་པོ་ཡིན་མིན་དང་ཡིན་པའི་དབང་དུ་བྱས་རུང་། གཙོ་བོ་དེ་ཡིན་མིན་བཤད་ཁག་མོད།
གང་ལྟར། གླེང་སློང་བྱས་བ་ཙམ་གྱིས་ཀྱང་ཡག་པོ་རེད།
ངེད་ལ་ཡང་འདིའི་ཕྱོགས་ནས་རྨོངས་འཆར་འགའ་ཡོད།
དེ་རིང་ཁོམ་པ་མེད། ཉིན་འགའི་རྗེས་སུ་རྨོངས་འཆར་དེ་འཁྱེར་ཡོང་གི་ཡིན།
ཁ་སང་ཕྱི་ཚེས་ ༤ ཉིན་ Bill Gates བྷེལ་གྷེ་ཊིས་ཨ་རིའི་ཁ་ལེ་ཧྥོར་ནི་ཡར་འཚོགས་པའི་ལོ་འཁོར་ཚོགས་ཆེན་ཞིག་གི་སྟེང་ནས་བཤད་དོན། ཨ་རིའི་དཔལ་འབྱོར་གྱིས་ད་དུང་དཀའ་ཁག་ཆེ་ཤོས་ཀྱི་ལོ་གསུམ་ནས་བཞི་བརྒྱུད་དགོས་ཀྱི་ཡོད་ཚུལ་དང་། འདི་ལ་དོགས་པ་མི་འདུག་ཟེར། ཁོང་གིས་ཐེངས་འདིར་ཨ་རིའི་གཞུང་ལ་ཤེས་ཡོན་དང་འཕྲོད་བསྟེན་གྱི་ཕྱོགས་ལ་མ་དངུལ་ཤུགས་ཆེར་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
འཛམ་གླིང་དཔལ་འབྱོར་ཉམ་རྒུད་ཀྱི་སྐབས་འདིར་ང་ཚོའི་ཅི་དང་གང་བྱེད་དགོས་མིན་གྱི་ལམ་སྟོན་བྱེད་མཁན་གྱི་ཆེད་ལས་དཔལ་འབྱོར་ཉམས་ཞིབ་པ་འདི་ལྟ་བུ་ང་ཚོ་ལ་ཧ་ཅང་མཁོ། སྐུ་ཞབས་ལགས། མི་གཞན་གྱིས་ལས་དཀའ་ཐེབས་ཆག་གཙང་སྤྱོད་བཀྲུ་བ་ཙམ་ལས་གཉེར་ཐུབ་ཀྱི་མེད་ནའང་ཨ་རིའི་ཕྱོགས་སུ་འགྲོ་རྒྱུར་བྲེལ་འཚུབ་ལངས་ཀྱི་ཡོད་མོད། ཉིད་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་ནང་གི་དངུལ་ཁང་དུ་ལས་བྱེད་ཀྱི་ལས་གནས་རེག་ཡོད་ནའང་དེ་ཡང་རྒྱབ་བསྐུར་བྱས་ཏེ་བཙན་བྱོལ་བོད་གཞུང་གི་ཁ་སྟབས་སྐྱོ་བོའི་གནས་སྟངས་ལ་བསམ་ནས་འདིར་དང་བླང་ལས་དཀའ་བྱེད་དུ་ཡོང་བར་ང་བོད་མི་ཞིག་གི་ངོས་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ཕྲན་གྱིས་དཔལ་འབྱོར་རིག་པའི་གཞུང་ལུགས་དེ་འདྲ་གང་ཡང་ཤེས་ཀྱིན་མེད་ནའང། དེང་གསར་ལམ་ཁག་ནས་གོ་ཐོས་ལ་ཨ་རིའི་མཚོན་པའི་འཛམ་གླིང་གི་དཔལ་འབྱོར་ལ་ཉམ་ཆག་འགྲོ་བཞིན་པའི་གནས་ཚུལ་ཤེས་སོང་ལ། ལྷག་པར་དུ་ཉིད་ཀྱི་ལན་འདེབས་འདིས་འཛམ་གླིང་དཔལ་འབྱོར་ཉམ་ཆག་གི་རྐྱེན་རྩ་དང་། འབྱུང་སྟངས་བཅས་གསལ་བར་ཤེས་སོང་བས་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཡུ་མཚོན་ནས།
གོང་དུ་བུ་མོ་ཞིག་གིས་དྲི་བ་ཁག་ཅིག་བཏོན་འདུག འདྲི་སྟངས་ལ་བལྟས་ན་དྲི་བ་འདི་དག་གི་ལན་རག་ལོས་ཡོད་སྙམ་པ་ཞིག་འདུག འོན་ཀྱང་། འདི་ནས་ངས་དཔག་ཚོད་ཀྱིས་ལན་ཞིག་འདེབས་ཁུལ་བྱེད།
ངའི་ལན་མཐའ་དག་འགྲིག་པའི་ངེས་པ་མེད་པས་འབྲེལ་ཡོད་སྡེ་ཚན་ཁག་ལ་འདྲི་གི་སོང་།
བཙན་བྱོལ་བོད་གཞུང་གི་མ་དངུལ་འདི་ཕྱོགས་གསུམ་ནས་ཡོང་གི་ཡོད་པ་རེད། གཅིག་དེ། སྐྱབས་མགོན་རིན་པོ་ཆེ་ཚང་གིས་གསོལ་རས་གནང་གི་ཡོད་པ་རེད། ཁོང་གི་སྒོར་མོ་འདིའི་ཁུངས་ནམ་རྒྱུན་བཤད་ཀིན་ཡོད་པ་མ་རེད། དེ་བས་འདིར་གསལ་ཁ་བཏོད་དགོས་དོན་མི་འདུག གཉིས་པ་དེ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་རེད། འདི་གཉིས་ནི་གཙོ་བོ་རེད། ཕྱི་རྒྱལ་གྱི་རོགས་དངུལ་ནི་གཙོ་བོ་ཨ་རི་ནས་ཨ་སྒོར་ཡ་ས་གཉིས་གནང་གི་ཡོད་ཚོད་ཡིན། འདིས་བརྒྱ་ཆ་ ༡༥ ཙམ་ལས་ཟིན་མེད་པར་འདོད།
སྐྱབས་བཅོལ་བོད་མིས་བཟོ་ལས་དང་ཞིང་ལས། ཚོང་ལས་སོགས་ལ་བརྟེན་ནས་རང་ཁ་གསོ་ཐུབ་གི་རེད། རང་ཁ་གསོ་གི་ཡོད་པ་རེད། ལྷག་པར་དུ་ཚོང་ལས་ལ་བརྟེན་ནས་ཕྱུག་པོར་གྱུར་བའང་མང་པོ་ཡོད་པ་རེད། འོན་ཀྱང་། སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་དཀའ་ངལ་འཕར་མའང་མང་པོ་ཡོད་པ་རེད། དེར་བརྟེན་ནུབ་ཕྱོགས་ཁག་ལ་འགྲོ་མཁན་མང་དུ་བྱུང་བ་རེད། དེའི་ཁར་དཔལ་འབྱོར་དེ་ཞིང་ཁ་དང་བཟོ་གྲྭ་སོགས་མི་འཚོལ་བར་གཞན་གྱི་གློ་ཁུག་ནང་ནས་འཚོལ་བའི་ངན་ལངས་ཀྱི་གཤིས་ཀ་ཞིག་ཀྱང་དར་འདུག འདི་ནི་ཕལ་ཆེར་རང་གི་ལག་པར་བརྟེན་ནས་རང་ཁ་གསོ་གི་མེད་པའི་རྒྱུ་རྐྱེན་ལ་ཐུག་འདུག
རྒྱ་གར་དང་བལ་བོ་ལས་སྐྱབས་བཅོལ་བ་མང་ས་དེ་ཨེ་ཤ་ཡ་ནས་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་རེད། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནས་ཨོ་སི་ཊོ་ལི་ཡ་རེད། ལྷག་པར་དུ་འདས་པའི་ལོ་ཤས་ནས་བཟུང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཨོ་སི་ཊོ་ལི་ཡར་གཞུང་འབྲེལ་གྱིས་གཏོང་གི་ཡོད་པ་རེད།
ནུབ་ཕྱོགས་ལ་མཚོན་ན་བོད་མི་རྣམས་གཞིས་ཆགས་ཀྱི་ངོ་བོར་སྐྱོད་པ་སྔ་ཤོས་ནི་ཁེ་ན་ཌ་ཡིན་ཚོད་ཡོད། སྐབས་དེའི་བོད་མི་རྣམས་ཊོ་རོན་ཊོ་རུ་བསྡད་ཡོད་ལ། དེང་སྐབས་ཡུལ་དེར་རྒྱ་ཁྱབ་ཀྱིས་བསྡད་ཡོད། དེའི་རྗེས་ནས་སུད་སི་ཡིན་པར་འདོད། སུད་སི་ནི་ནུབ་ཕྱོགས་སུ་བཙན་བྱོལ་བོད་མིའི་གཞིས་ཆགས་སྔ་ཤོས་གྲས་རེད། དེའི་རྗེས་ནས་ཨ་རིར་བོད་མི་ ༡༠༠༠ ཞིག་བཏང་བ་རེད། འདི་གསུམ་ནི་གཞུང་འབྲེལ་གྱི་ཐོག་ནས་བོད་མི་རྣམས་ནུབ་ཕྱོགས་སུ་ཕྱིན་པའི་རིམ་པ་རེད། དེ་མ་ཡིན་པར་རང་ངོས་ནས་ཕྱིན་པ་ནི་མང་པོ་རེད། དཔེར་ན། དེང་སྐབས་ཡུ་རོབ་ཀྱི་ཧྥ་རན་སི་དང་བྷེལ་རྗེམ། དབྱིན་ཡུལ་སོགས་སུ་བོད་མི་གང་འཚམ་རེ་ཡོད་པ་རེད།
རྒྱ་གར་དང་བལ་བོའི་བཟོ་གྲྭ་ཁག་ཏུ་བོད་མི་མང་པོ་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་བོད་མི་རྣམས་ལ་བསམ་བློའི་ལྟ་ཚུལ་རིགས་གཉིས་བྱུང་བར་འདོད། དང་པོ་དེ། བོད་མི་རྣམས་ཀྱིས་སྔོན་མ་སློབ་སྦྱོང་བྱས་རྗེས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཞབས་ཞུ་བསྒྲུབ་གི་ཡིན་ཞེས་དམིགས་ཡུལ་དང་བཅས་པ་རང་གི་སྤྱི་ཚོགས་ལ་འཁོར་ཡོད་པ་རེད། བར་སྐབས་ཤིག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལས་ཀའི་ས་མིག་ལ་ཚད་བཀག་ཐེབས་པ་རེད། དེའི་ཁར། བོད་མི་རྣམས་ནུབ་ཕྱོགས་ལ་ཁ་འཁོར་བ་རེད། འདི་ལ་བརྟེན་དེང་སྐབས་ཀྱང་རྒྱ་གར་དང་བལ་བོའི་བཟོ་གྲྭ་ལ་དམིགས་ནས་སློབ་སྦྱོང་བྱེད་མཁན་དང་། ལས་ཀ་འཚོལ་མཁན་ཉུང་ཉུང་རེད། ཡིན་ཡང་། འདས་པའི་ལོ་ཤས་ནས་བོད་རིགས་གཞོན་སྐྱེས་ཚོ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནས་ལས་ཀ་འཚོལ་མཁན་མང་ངུ་འགྲོ་གི་འདུག
བཙན་བྱོལ་བོད་མིའི་གྲོང་སྡེ་ཁག་གི་འཚོ་བ་གཙོ་བོ་ནི་དགུན་ཚོང་རེད། འདི་ནི་གཞིས་ཆགས་ཁག་ཕལ་ཆེ་བར་འདྲ་མཚུངས་རེད། དེ་བཞིན་ལ་དྭགས་བོད་མི་རྣམས་ལ་མཚོན་ན་ཕྱུགས་ཟོག་ཡོད་པ་རེད། ལྷོ་གཞིས་ཁག་དང་རྒྱ་གར་བྱང་ཤར་ཁུལ་ལྟ་བུ་ཡིན་ན་ཞིང་ཁ་དང་སིལ་སྡོང་གི་འཚོ་བརྟེན་ཡོད་པ་རེད། རྡ་ས་ལྟ་བུ་ཡིན་ན་གཙོ་བོ་ཚོང་རེད།
བཙན་བྱོལ་བོད་གཞུང་གིས་ཁེ་ལས་སྡེ་ཚན་དང་ཚོང་ལས་ཚང་མ་སྒེར་བདག་ཅན་དུ་བསྒྱུར་ཟིན་པ་རེད། དེ་བས་ཚོར་ར་ཞིག་ག་ལ་ཡོད།
བཙན་བྱོལ་བོད་མིས་ཕྱིར་བཙོང་བྱས་པའི་ཐོན་རྗས་གཙོ་བོ་ཞིག་ནི་ས་གདན་རེད། གཞན་ཡང་གདུག་སྤོས་དང་སྐུ་རྟེན་སོགས་ནང་ཆོས་ཀྱི་རིག་དངོས་འགའ་རེ་དང་། ནང་ཁུལ་ལ་བཙོང་རྒྱུའི་ཐུག་པ་སོགས་ཟ་འཐུང་གི་སྐོར་འགའ་ཡོད་པ་རེད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་མཚོན་ན། བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་གཉིས་ལ་ཚེམ་བཟོའི་སྡེ་ཚན་ཡོད་པ་རེད། རང་སྐྱོང་གི་སྡེ་ཚན་ཁྲོད་ནས་སྨན་རྩིས་ཁང་རེད། འདི་ལ་ད་ཆར་རྒྱ་བལ་གཉིས་སུ་ཡན་ལག་སྨན་ཁང་ ༧༠ དོན་གྲངས་ཤིག་ཡོད་པར་འདོད། སྨན་རྩིས་ཁང་གི་སྨན་ནི་འགྲོ་རྒྱུགས་ཆེ་ཤོས་ཀྱི་ཚོང་རེད། འདིའི་ཁྲོམ་ར་ཆེ་ཤོས་ནི་བཙན་བྱོལ་བོད་མི་རྣམས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། རྒྱ་གར་ཡུལ་མི། དེ་བཞིན་ཕྱི་རྒྱལ་བ་དག་རེད། སྨན་རྩིས་ཁང་ལ་རྒྱལ་སྤྱིའི་ཚོང་རྟགས་དང་དེབ་སྐྱེལ་མེད་པ་འདྲ། འོན་ཀྱང་། ཁྲོམ་ར་ཆེན་པོ་ཡོད་པ་རེད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐོན་སྐྱེད་རིགས་ནི་གཙོ་བོ་ཕྱི་རྒྱལ་ཁག་ལ་དམིགས་ཡོད་པ་རེད། དེར་བརྟེན། ཉེ་ཆར་འཛམ་གླིང་དཔལ་འབྱོར་གྱི་ཉམས་རྒུད་བྱུང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་འདིའི་ཤུགས་རྐྱེན་ཐེབས་སྔ་ཤོས་ནི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཡིན་སྐད་འདུག
དེ་བཞིན་བོད་གཞུང་ཟློས་གར་ཁང་ལའང་ཚོང་ལས་སྡེ་ཚན་ཡོད་པ་རེད་དེ། རང་གི་ཐོན་སྐྱེད་མེད་པ་འདྲ། དགོན་པ་གྲྭ་ཚང་ཁག་ལའང་མགྲོན་ཁང་སོགས་ཡོད་པ་རེད།
གནས་སྐབས་འདི་ཙམ་ཡིན།
དཔལ་འབྱོར་ལས་ཁུངས་ལ་འདི་འདྲའི་མཁས་པ་ཞིག་གསར་འགོད་པའི་མདུན་དུ་བརྫངས་རྒྱུ་རག་སོང་བ་དུས་ཐོག་ཆར་བ་རང་རེད།
གོང་གི་བསམ་ཚུལ་དག་ཡག་པོ་འདུག ལྷག་པར་དུ་གོང་གི་ཧོར་གཙང་ནམ་མཁའ་བསྟན་འཛིན་ཟེར་བའི་མི་འདིའི་བསམ་ཚུལ་ནི་ཤེས་རྒྱ་ཅན་ཞིག་དང་གོ་བ་ཅན་ཞིག་གིས་བཤད་པའི་རང་རྟགས་གསལ་བོ་མངོན་འདུག མཁས་དབང་ཁོང་ནི་ཕལ་ཆེར་རྒྱ་གར་ཕྱོགས་ན་ཡོད་མཁན་ཞིག་མིན་པ་འདྲ། དེ་ནི་ཕལ་ཆེར་ནུབ་ཕྱོགས་སམ་སྔོན་ཐོན་རྒྱལ་ཁབ་ཅིག་ཏུ་བཞུགས་ཡོད་པ་ཞིག་ཡིན་པ་ཐག་གིས་ཆོད། ང་ལ་མཚོན་ན་ཁོང་གི་བསམ་ཚུལ་དེ་ལྟ་བུ་ནི་ཡི་དྭགས་ལ་རྩམ་དྲི་བཞིན་ངང་སྒུག་ཆེ། ཧ་ཧ་ཧ། གྲོགས་པོ་ལགས། བསམ་ཚུལ་འགོ་བསླངས་སྐབས་སུ་རེད་བསམ་སོང༌། ངས་ཁྱོད་ཀྱི་ཟིན་བྲིས་སུ་སྐད་སྐུར་ཞིག་བྱེད་འདོད་མོད། སྡུག་ཉེ་བ་ཞིག་ལ་ཁྱོད་ཀྱིས་རྩོམ་ཡིག་གཅིག་ཀྱང་བྲིས་མེད་ཕྱིར། འབྲི་ཐབས་བྲལ་སོང༌། རྗེས་མར་མཇལ། ཁྱོད་ཀྱི་གྲོགས་པོ་གྲི་གུག་གིས།
སེམས་འཁུར་དང་བློ་འཚབ་ཀྱིས་སླངས་པའི་དྲི་བ་དགུ །
༡ བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་མ་དངུལ་གྱི་བརྒྱ་ཆའི་ཅི་ཙམ་ཕྱི་རྒྱལ་གྱི་སྤྱིན་བདག་ལ་བརྟེན་ཡོད་དམ།
༢ སྐྱབས་བཅོལ་བོད་མིས་བཟོ་ལས་དང་ཞིང་ལས། ཚོང་ལས་སོགས་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་མི་ཐུབ་དོན་ཅི་ཡིན།
༣ རྒྱ་གར་དང་བལ་བོ་ལས་གཞན་པའི་སྐྱབས་བཅོལ་བོད་མི་མང་བའི་རྒྱལ་ཁབ་གང་དག་ཡིན་ནམ།
༤ རྒྱ་གར་དང་བལ་བོའི་བཟོ་གྲྭ་ཆེ་ཁག་ཏུ་བོད་མི་ལས་བཟོ་བ་མང་པོ་ཡོད་དམ།
༥ སྐྱབས་བཅོལ་བོད་མིའི་གྲོང་སྡེ་ཁག་གི་འཚོ་རྟེན་གཙོ་བོ་གང་ལ་བརྟེན་ཡོད་དམ།
༦ བཙན་བྱོལ་བོད་གཞུང་ལ་བཟོ་ལས་སྡེ་ཚན་དང་ཚོང་ར། དཔལ་འབྱོར་བསྡུ་ལེན་གྱི་ཁེ་ལས་སྒྲིག་འཛུགས་ཡོད་དམ།
༧ སྐྱབས་བཅོལ་བོད་མིས་ཐོན་སྐྱེད་བྱས་པའི་ཕྱིར་གཏོང་ཐོན་རྫས་མང་པོ་ཡོད་དམ།
༨ གཞུང་འབྲེལ་མ་ཡིན་པའི་ཚོགས་བ་ཟེར་བ་དེ་དག་ལ་དཔལ་འབྱོར་ཁེ་ལས་ཀྱི་ཁྲོམ་ར་ཡོད་དམ།
དཔལ་འབྱོར་ཉམས་རྒུད་ཀྱི་ཕྱོགས་འདིར་ང་ཚོས་མུ་མཐུད་ནས་གླེང་སློང་དང་ཞིབ་བརྩད་སོགས་བྱ་རྒྱུ་གལ་ཆེན་པོ་རེད། ཨ་རི་དང་རྒྱ་ནག་གཉིས་ཀར་ཤུགས་རྐྱེན་ཡོང་གི་ཡོད་དུས་འཛམ་གླིང་སྤྱི་ལ་དེ་མཚུངས་ཀྱི་ཤུགས་རྐྱེན་ཡོད་པ་རེད། འདི་ནི་འཛམ་གླིང་གི་འགྱུར་བ་དང་། མགོ་རྩོམ་ས་གསར་པ་ཞིག་ཆགས་ཀྱིན་ཡོད་དུས། ང་ཚོས་བོད་དོན་གྱི་མ་འོངས་པའི་འགྱུར་བ་དང་གནས་བབ་ལའང་རང་རང་གི་ཚོད་ཀྱིས་སྔོན་དཔག་དང་གྲ་སྒྲིག་བྱེད་དགོས་པ་རེད།
གནད་དོན་འདི་ལ་གཞུང་གིས་ལས་འཆར་ཞིག་བཟོ་རྒྱུ་ཕྱི་དྲག་མེད་ན་སྔ་མི་འདུག བཀའ་བློན་ཁྲི་བ་རྗེས་མ་དེས་འདིའི་སྒང་ལ་ཁ་ཡོད་ལག་ཡོད་ཀྱིས་ལས་ཀ་ཞིག་བྱེད་དགོས་ཀྱི་འདུག དེང་སང་བཙན་བྱོལ་ནང་བོད་པ་ཚོ་ཁྱུ་དང་ཁྱུ་བྱས་དེ་ཁྲུང་ཁྲུང་ལྷོ་ལ་འཕུར་འཕུར་བྱས་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བཞུར་བཞིན་པ་འདིར་བཟང་ངན་གཉིས་ཀྱི་ཆ་ཡོད་མོད། ཡོ་རུབ་ཡུལ་གྲུ་ཁག་ཏུ་བོད་པ་ཚོ་ཁ་ཐོར་དུ་བསྡད་ཡོད་པས་ཚང་མ་མཉམ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བར་ནུས་བ་ཆེན་པོ་འདོན་ཐུབ་ཀྱི་མེད་ལ། ཐ་ན་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འབུལ་ས་ཡང་ས་ཁུལ་ལ་ལར་གསལ་ཁ་དང་དོ་དམ་ཡག་པོ་ཞིག་མེད་སྟབས། དེབ་གསར་རྙིང་བརྗེས་བ་སོགས་ཀྱི་བར་ནས་རྙོག་དྲ་མང་པོ་ཞིག་ཕྲད་བཞིན་འདུག་ལ ཕར་དོན་གཅོད་ཁག་ལ་ཁ་པར་བཏང་ན་ཚུར་སྐད་ཆ་འདྲི་གིན་འདུག་ཟེར། གོ་ཐོས་སུ་ལོ་སྔོན་མའི་ནང་སུས་འཛར་ལན་གྲུར་བསྐོངས་འཚོགས་བྱས་བའི་ཡོ་རུབ་བོད་རིགས་ལྷན་འཚོགས་ཐོག་བཀའ་ཁྲི་མཆོག་གིས་རྒྱ་གར་དང་བལ་ཡུལ་ཁག་ནས་ཡོང་བའི་བོད་པ་མང་པོ་ཞིག་གིས་སྔོན་ཆད་ཀྱི་ལག་དེབ་གཡུག་ཏེ་མིང་གསར་བ་བཀོད་ནས་རང་བཙན་ལག་དེབ་བཟོ་བཞིན་པ་འདི་བཙན་བྱོལ་བོད་གཞུང་དང་ལྷག་པར་རྒྱ་གར་གཞུང་ལ་མགོ་བསྐོར་བཏང་བ་ཡིན་པས་འདིའི་རིགས་ལ་ལག་དེབ་རྩ་བ་ནས་བཟོ་རྒྱུ་མིན་གསུངས་བྱུང་ཟེར། འོན་ཀྱང་བདག་གིས་རྒྱུས་ལོན་བྱས་བ་ལྟར་ན་འདིའི་ནང་དུ་རང་ཉིད་ཀྱི་སྐྱབས་བཅོལ་གྱི་ཐོབ་ཐང་རེགས་པའི་ཆེད་ཡིག་ཆའི་ནང་དགོས་ངེས་བྱུང་བ་དང་དེ་མིན་སྐྱབས་བཅོལ་རེགས་ཟིན་པའི་མི་ཡང་མང་པོ་ཞིག་འདུག་སྟབས། དོན་དངོས་ཀྱིས་རྒྱ་གར་གཞུང་མཛད་དཀའ་ཞིག་ཕྲད་ཀྱིན་ཡོད་ན། ཐབས་ལམ་གཞན་ཞིག་གི་སྒོ་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་་བོད་པ་ཚོར་བོད་པ་་རང་གི་ངོས་ནས་དཔལ་འབྱོར་འདུ་འགོད་བྱེད་པའི་ལས་འཆར་ཞིག་ད་ལྟ་ནས་འགོ་བརྩམས་དགོས་ཀྱི་འདུག མ་འོངས་བ་ན་གཞན་གྱི་རོགས་དངུལ་ཆད་ཀྱང་གཞུང་འདི་རང་འཚོ་ཐུབ་པ་ཞིག་བྱེད་ཕྱིར་ད་ལྟ་ནས་གྲ་སྒྲིག་ཡོད་དགོས། ༧གོང་ས་མཆོག་སྐུ་བཞུགས་པའི་དུས་ནི་ང་ཚོ་ལ་མཚོན་ན་སྐལ་བ་རྫོགས་ལྡན་ཀྱི་དུས་ཞིག་ཡིན་ལ། ལོ་འདིའི་འཛམ་གླིང་དཔལ་འབྱོར་ཉམ་རྒུད་ཀྱི་ཆག་སྒོ་འདི་ནི་ང་ཚོར་མཚོན་ན་་གྲ་སྒྲིག་གཞན་ཞིག་དགོས་བའི་བརྡ་རྟགས་ཞིག་ཀྱང་ཡིན། སྔོན་ཆད་ཤར་ཡོ་རུབ་ཀྱི་རྒྱལ་ཁབ་ཁག་ཡོའུ་ཀོ་སུ་ལོ་བཱའི་བཙན་འཛུལ་འོག་ཐེབས་སྐབས་རྒྱལ་ཁབ་དེ་དག་གིས་ནུབ་ཡོ་རུབ་ཁག་ལ་སྐྱབས་བཅོལ་དུ་འགྲོ་མཁན་ཚོར་གཞུང་སྒེར་ཚང་མས་་གནས་ཡུལ་རྒྱལ་ཁབ་གང་དུ་བསྡད་ཀྱང་ཁ་འཐོར་དུ་འགྲོ་བའི་ཕྱིར་མངོན་ལྐོག་གཉིས་ཀྱི་སྒྲིག་འཛུགས་མང་པོ་བཙུགས་ཏེ། ཕྱིས་སུ་དོ་བདག་སོ་སོའི་ལས་ཀ་དང་ཁྱིམ་ཚང་ཁག་གི་སྤྱིའི་ཡོང་འབབ་ལ་ལྟོས་ནས་ལོ་རེ་བཞིན་འཆར་ཅན་གྱི་ཞལ་འདེབས་ཕོན་ཆེན་བསྡུས་ནས་ཁོ་ཚོས་རང་ཡུལ་དུ་ལས་འགུལ་སྤེལ་མཁན་ཚོའི་ཆེད་ཕུལ་དེ། ལས་འགུལ་ཁྲོད་དམས་སྐྱོན་ཕོགས་པ་དང་འདས་གྲོངས་སུ་ཕྱིན་པའི་ནང་མི་ཚོར་སྐྱིད་སྡུག་མཉམ་མྱོང་བྱས་ཤིང་། མཚམས་རེར་གོ་མཚོན་ཉོ་སྒྲུབ་ཀྱི་ཆེད་དུ་ཡང་བཏང་ཏེ་མཐར་རྒྱལ་ཁབ་འདི་དག་ལ་རང་ཐོབ་འདུག དེས་ཕྱིར་ནུབ་ཕྱོགས་ཡུལ་གྲུ་ཁག་ན་ཡོད་པའི་བོད་པ་ཚོས་མ་མཐའ་ཡང་ཞག་མ་སུམ་རྒྱ་དྲུག་ཅུའི་ནང་གི་གུང་གསེང་གི་་ཉིན་གཉིས་དང་ཡང་ན་གསུམ་གྱི་རིང་ལ་ལས་ཀ་ལྷག་མ་བྱས་ཏེ་ཡོང་འབབ་དེས་ཐེབས་རྩ་ཁང་ཞིག་་བཙུགས་ན་དེང་སངས་ཕྱི་རྒྱལ་ཁག་དུ་བོད་པ་ག་ཚོད་ཞིག་ཡོད་པ་རེད? གཞན་ཡང་ཡོ་རུབ་ཁག་གི་འདིའི་གནས་ཚུལ་གཞན་མང་པོ་ཞིག་་བདག་གིས་གང་མགྱོགས་ཟིན་བྲིས་སུ་འགོད་ངེས་ཡིན་པས་ཀློག་འདོད་ཡོད་མཁན་ཚོས་དེར་གཟིགས་རོགས་གནོངས།
གོང་དུ་སྤེལ་བའི་འཛམ་གླིང་དཔལ་འབྱོར་ཐད་ཀྱི་བཅར་འདྲི་འདི་ཧ་ཅང་ཡག་པོ་འདུག བརྗོད་བྱ་འདི་ལྟ་བུ་གང་མང་སྤེལ་རྒྱུར་རེ་ལྟོས་བྱས་ཡོད། བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེ་ཞིང་། རྗོད་བྱེད་ཚིག་གི་དོན་གསལ་བའི་ཁྱད་ཆོས་འདུག འོན་ཀྱང་། ཡིད་ཕངས་བ་ཞིག་ལ། དཀའ་ངལ་མདུན་དུ་སླེབས་ཀྱང་། སྲིད་གཞུང་གི་གྲིབ་ནག་འོག་ན་བོད་ཡུལ་མདོ་དབུས་ཁམས་གསུམ་གཉིད་དུ་ཡུར་འདུག་ལ། ན་གཞོན་ཕོ་མོ་ཚོའི་རྒྱས་སྤྲོས་དང་འབད་མེད་ལོངས་སྤྱོད་དེ་ཡང་ཧ་ཅང་རྒྱུན་ཞིག་རེད།
ཉིན་འདི་འགར་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་འགྲོ་བཞིན་ཡོད་པ། དམངས་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་གསར་འགྱུར་བརྒྱུད་ལམ་ཚད་ལྡན་དག་གི་གནས་ཚུལ་ཆེ་ཤས་དེ་ཆགས་འདུག དཔེར་ན་རྒྱ་ནག་ཀུང་ཏུང་གཅིག་པུའི་བཟོ་གྲྭ་བདུན་སྟོང་ ༧༠༠༠ ལྷག་སྒོ་བརྒྱབས་ཡོད་པ་དང་། ལས་བཟོ་བ་ས་ཡ་བཅུ་ ༡༠༠༠༠༠༠༠ལྷག་གི་ལས་ཀ་ཤོར་འདུག གནད་དོན་དེ་རྒྱུ་བྱས་ཏེ། བོད་ཁུལ་གྱི་ཐོན་རྫས་མང་པོ་ཞིག་གི་རིན་གོང་ལྷུང་ཡོད་འདུག འོན་ཀྱང་། རྒྱ་ནག་དབུས་གཞུང་གིས་དཔལ་འབྱོར་ཉམས་ཉེས་སླར་གསོ་ལ་ཁ་གཡར་ཏེ། བོད་ཁུལ་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་དག་ལ་ལས་གཞི་འདྲ་མིན་ཞིག་འཆར་འགོད་བྱེད་ཀྱིན་ཡོད་འདུག
བོད་དོན་ལ་ཕྲན་བུའི་ཁེ་ཕན་མེད་འགྲོ་བསམ་པ་དྲན་གྱི་འདུག གང་ཡིན་ཟེར་ན་རྒྱ་ནག་གིས་ད་བར་དཔལ་འབྱོར་དང་ཚོང་དོན་གྱི་གནོན་ཤུགས་སྤྱད་ནས་རྒྱལ་ཁབ་ཁག་ལ་བོད་དོན་གླེང་དུ་འཇུག་གི་མེད་པ་རེད། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཆགས་ཆེན་པོ་བྱུང་བ་ཡིན་ན། རྒྱ་ནག་གིས་ཕྱི་རྒྱལ་ཁག་དང་ཚོང་འབྲེལ་དང་མཉམ་ལས་བྱེད་རྒྱུ་རྒྱ་ནག་རང་ལ་གལ་ཆེན་པོ་ཆགས་ཡོད་སྟབས། དུས་རྒྱུན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་ཁབ་ཁག་ལ་བོད་ཀྱི་དབུ་ཁྲིད་དང་བོད་དོན་ལ་རྒྱབ་སྐྱོར་བྱས་ན་ཚོང་འབྲེལ་གཅོད་ཀྱི་ཡིན་ཟེར་བའི་ཉེན་བརྡ་གཏོང་གི་ཡོད་པས་རྒྱ་ནག་གི་ཚོང་འབྲེལ་གྱི་ལག་ཆ་དེ་སྐྱོ་རུ་འགྲོ་སྲིད་དམ།